《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月11日

ཀྲུང་གོ་དང་ཙམ་པབ་ཝེའི་ནུས་རྒྱུའི་མཉམ་ལས་ཀྱིས་ཙམ་པབ་ཝེའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཙའོ་སུང་།

འདི་ནི་ཁ་ལི་པ་ལྷོ་ངོགས་ཀྱི་གློག་ཁང་རྒྱ་སྐྱེད་རྣམ་གྲངས་ཀྱི་རྣམ་པ་ཡིན་པ།

ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་མཉམ་ལས་རོགས་ཟླ་དང་མཉམ་དུ་ཙམ་པབ་ཝེའི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཙམ་པབ་ཝེའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

འོད་ཤུགས་གློག་ཁང་སྤྱོད་འགོ་བཙུགས་ཏེ་གློག་གཏོང་བའི་འཇུར་མིག་བསལ་བ།

ཙམ་པབ་ཝེའི་རྒྱལ་ས་ཧ་རེ་རེའི་གྲོང་འདབས་སུ་གནས་པའི་ཉི་ཡཱ་པི་ལའི་ཉི་ནུས་འོད་ཤུགས་གློག་ཁང་དུ་འོད་ཤུགས་ཤེལ་ལེབ་བརྒྱ་སྟོང་མང་པོ་ཉི་མའི་འཁོར་ཕྱོགས་དང་བསྟུན་ནས་ཁ་ལོ་བསྒྱུར་ཏེ་ཉི་འོད་བསྡུ་ལེན་གྱིས་ནུས་གསོག་གློག་གཏོང་བྱེད་ཀྱི་ཡོད།

ཟླ་9ཚེས་27ཉིན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི(གཤམ་དུ“ཀྲུང་གོ་གློག་ཤུགས་འཛུགས་སྐྲུན”ཞེས་བསྡུ་རྒྱུ)ཁོངས་གཏོགས་ཀྱི་ཆུ་གློག་ཅུས་བཅུ་གཅིག་པས་སྐྲུན་འགན་འཁུར་བའི་ཉི་ཡཱ་པི་ལའི་ཀྲའོ་ཝ་23ཟིན་པའི་དུས་ཐེངས་གཉིས་པའི་ལས་གྲྭ་བདེ་བླག་ངང་གློག་དྲ་སྦྲེལ་མཐུད་ཐུབ་སྟེ་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་ཙམ་པབ་ཝེའི་རྒྱལ་ནང་གི་མིག་སྔའི་རྗེས་འདེད་རྣམ་པའི་འོད་ཤུགས་གློག་ཁང་ཆེ་ཤོས་ནས་དངོས་སུ་གློག་གཏོང་འགོ་ཚུགས་པ་མཚོན་ཡོད། དེའི་སྟེང་ལ་2019ལོའི་ཟླ་8པར་ལས་མཇུག་འགྲིལ་ནས་ཚོང་ལས་ཐད་སྤྱད་པའི་ཀྲའོ་ཝ་2ཟིན་པའི་དུས་ཐེངས་དང་པོའི་ལས་གྲྭ་བསྣན་ན་འོད་ཤུགས་གློག་ཁང་དེས་དུད་ཚང་ཁྲི་7.5ཡི་གློག་སྤྱད་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།

ཉི་ཡཱ་པི་ལའི་ཉི་ནུས་འོད་ཤུགས་གློག་ཁང་འཛུགས་སྐྲུན་ལས་བྲེལ་ཆེ་ཤོས་དུས་སུ་ཙམ་པབ་ཝེའི་ས་གནས་དེ་གའི་ལས་མི་500ཙམ་གླས་པ་ནས་མི་ཉུང་བ་ཞིག་ལས་སྒོའི་རྐང་འཛིན་པར་གྱུར་ཡོད། ལོ་27ལ་སླེབས་པའི་ཁེ་ལི་ཝ་ནི་ཉི་ཡཱ་པི་ལ་ཉི་ནུས་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱི་གློག་ཤུགས་ལག་རྩལ་ཆེ་མོ་བ་ཞིག་ཡིན་ཞིང་། ཁོང་གི་ལས་ཀ་ནི་སྒྲིག་ཆས་ལ་ལྟ་སྐུལ་ཚོད་འཛིན་དང་གྲངས་གཞི་ཉར་ཚགས་བྱ་རྒྱུ་དེ་རེད། “འདི་ནི་ང་ཚོའི་རྒྱལ་ཁབ་ཀྱིས་ཚོང་ལས་ཐད་སྤྱད་པའི་འོད་ཤུགས་གློག་ཁང་དང་པོ་དེ་རེད། ང་རང་འདི་རུ་ལས་ཀར་སླེབས་པར་སྤོབས་པ་སྐྱེ་ཡི་འདུག”“ཀྲུང་གོའི་ལས་རོགས་ཚོའི་ས་ནས་ངས་ཆེད་ལས་ཀྱི་ལག་རྩལ་མི་ཉུང་བ་ཞིག་སྦྱངས་པས་ལས་ཀའི་འཇོན་ཐང་ཆེ་རུ་ཕྱིན་སོང་ལ་ང་ཚོའི་དབར་གྱི་མཉམ་ལས་ཀྱང་ཧ་ཅང་ཡག་ཏུ་ཕྱིན་སོང”ཞེས་ཁེ་ལི་ཝ་ཡིས་བརྗོད།

ཙམ་པབ་ཝེ་རུ་ཡོད་པའི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་རྒྱལ་ཁབ་རིམ་པའི་འཐུས་མི་ཏོན་ཐའོ་ཡིས། ཙམ་པབ་ཝེའི་ནུས་རྒྱུ་དང་གློག་ཤུགས་འཕེལ་རྒྱས་ཀྱི་དགོས་མཁོ་གང་ལེགས་སྐོང་ཆེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྔ་རྗེས་སུ་ས་གནས་དེ་གའི་འོད་ཤུགས་རྣམ་གྲངས་5བསྐྲུན་འགན་འཁུར་རྒྱུའི་གན་རྒྱ་བཞག་པ་དང་། གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཀྲའོ་ཝ་180ཟིན་ཏེ་ཙམ་པབ་ཝེའི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་པར་སྤྱོད་འཐུས་ཀྱི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

ཆུ་གློག་འཕྲུལ་ཙུའུ་མང་དུ་བཏང་ནས་རང་རྟེན་ནུས་པ་ཆེ་རུ་བཏང་བ།

ཁ་ལི་པ་མཚེའུ་ནི་ཨ་ཧྥེ་རི་ཁའི་མིས་བཟོས་མཚེའུ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ཙན་པི་ཡ་དང་ཙམ་པབ་ཝེ་གཉིས་ཀྱི་བར་དུ་གནས་ཡོད། དེ་ནི་ཁ་ལི་པའི་གྲོག་རོང་དུ་ཆུ་རགས་བརྒྱབ་ནས་ཙན་པི་ཤིས་ཆུ་བོ་བཀག་ནས་གྲུབ་པ་ཞིག་ཡིན། མཚེའུ་ཡི་ཁུལ་དུ་ཆུ་གསོག་ཚད་ཆེ་ཤོས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1850ཟིན་པས་ཆུ་ཤུགས་གློག་འདོན་གྱི་ཆ་རྐྱེན་ལེགས་པོ་ཡོད་པ་རེད། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་ནས་བཟུང་། གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཀྲའོ་ཝ་750ཟིན་པའི་ཁ་ལི་པ་ཆུ་ཤུགས་གློག་ཁང་གི་ལྷོ་ངོགས་འཕྲུལ་ཙུའུ་བསྐྲུན་ཟིན་ཡོད། གློག་འདོན་འཕྲུལ་འཁོར་དེའི་གཞི་ཁྱོན་དེ་སྔ་ཐེངས་འགའ་ཤས་ཆེ་རུ་བཏང་རུང་སྒྲིག་ཆས་ཧ་ཅང་རྙིང་པར་གྱུར་རྐྱེན་དངོས་སུ་གློག་གཏོང་ཚད་ཀྲའོ་ཝ་700ཡང་ཟིན་གྱི་མེད།

2018ལོར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་ཁ་ལི་པའི་ལྷོ་ངོགས་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་མང་དུ་གཏོང་བའི་རྣམ་གྲངས་ལས་མཇུག་འགྲིལ་རྗེས་ཆུ་ཤུགས་གློག་ཁང་གི་དེ་སྔའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྲའོ་ཝ་300མང་དུ་ཕྱིན་ནས་ཙམ་པབ་ཝེའི་གློག་ཤུགས་དཀོན་པའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད། གློག་གཏོང་འགོ་ཚུགས་པ་ནས་བཟུང་འཕྲུལ་ཙུའུ་མང་དུ་བཏང་བའི་གློག་གཏོང་ཕན་འབྲས་དེ་ཇུས་འགོད་དམིགས་ཚད་ལས་ཧ་ཅང་ལེགས་པ་ཡོད་པ་དང་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་37.1ཟིན་ཏེ་ས་གནས་དེ་གར་དཔལ་འབྱོར་གྱི་ཡོང་སྒོ་ཨ་སྒོར་དུང་ཕྱུར་4.8བཏོད་ཡོད་པ་རེད།

ཀྲུང་གོའི་ཁེ་ལས་ཀྱི་རོགས་རམ་འོག ཁ་ལི་པའི་ལྷོ་ངོགས་ཆུ་ཤུགས་གློག་ཁང་ལ་གསོན་ཤུགས་གསར་པ་འཕེལ་ནས་ཙམ་པབ་ཝེ་རུ་བདེ་འཇགས་ངང་གློག་མཁོ་འདོན་ཐུབ་པར་ལེགས་སྐྱེས་ཕུལ་བ་མ་ཟད། ཙམ་པབ་ཝེར་རང་བཙན་ཐོབ་རྗེས་ཀྱི་ཆུ་བེད་རྣམ་གྲངས་ཆེ་ཤོས་ཡིན་པའི་ཆ་ནས་མཐའ་འཁོར་ས་ཁུལ་འཕེལ་རྒྱས་འགྲོ་བར་ཡང་ཕྱོགས་ཡོངས་ནས་སྐུལ་ཁྲིད་ཐུབ་ཡོད།

ཙམ་པབ་ཝེའི་ནུས་རྒྱུ་དང་གློག་ཤུགས་འཕེལ་རྒྱས་པུའི་པུའུ་ཀྲང་ཟུར་པ་སའེ་མེར·ཨེན་ཏན་ཀེས“ཀྲུང་གོའི་ཁེ་ལས་ཀྱིས་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་མང་དུ་དང་གློག་གཏོང་ཚད་ཆེ་རུ་གཏོང་རོགས་བྱས་པས། ཙམ་པབ་ཝེའི་དམངས་ཚོགས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་ས་ཁུལ་མང་པོར་ཕན་པ་ཐོབ་ཡོད”ཅེས་བསྔགས་བརྗོད་བྱས་ཡོད།

འཕྲུལ་ཙུའུ་མང་དུ་གཏོང་བའི་ལས་གྲྭས་སྤྱི་ཚོགས་ལའང་དེ་བསྟུན་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེས་ཙམ་པབ་ཝེར་ལས་ཞུགས་ལས་གནས་3000ལྷག་ཙམ་བཏོད་པ་དང་ལག་རྩལ་པ་བརྒྱ་གྲངས་ཁ་ཤས་གསོ་སྦྱོང་ཡོད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་ད་དུང་ས་གནས་དེ་གར་མ་དངུལ་ཞལ་འདེགབས་བརྒྱབ་ནས་སློབ་ཆུང་ཞིག་བསྐྲུན་པས་ས་གནས་དེ་གའི་སྲིད་གཞུང་དང་དམངས་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

འོད་ཤུགས་གློག་ཁང་ཆུང་གྲས་ཀྱིས་ཐག་རིང་གྲོང་གསེབ་ལ་འོད་སྣང་སྦྱིན་པ།

སྒྱུར་བཀོད་རིམ་སྤོར་རབ་དང་རིམ་པ་བྱས་པ་བརྒྱུད་ཙམ་པབ་ཝེའི་ས་ཁུལ་མང་ཆེ་བར་གློག་ཚོད་འཛིན་བྱེད་པའི་གནས་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་གློག་མེད་པའི་ཐག་རིང་ལུང་ཁུག་ཏུ་སྔར་བཞིན་གློག་ཁ་ཐང་བའི་སྣང་ཚུལ་ཐོན་ཡོད། 2022ལོར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་ཙམ་པབ་ཝེའི་གློག་དྲ་ཆུང་བའི་ཉི་ནུས་འོད་ཤུགས་རྣམ་གྲངས་ཀྱི་གན་རྒྱ་བཞག་པའི་ནང་གཙོ་བོ་འོད་ཤུགས་གློག་ཁང་ཆུང་གྲས་33གྱི་ཇུས་འགོད་དང་། ཉོ་སྒྲུབ། སྒྲིག་སྦྱོར་བཅས་ཀྱི་ཚོད་ལྟའི་ལག་རྩལ་ལ་མཛུབ་ཁྲིད་བྱ་རྒྱུ་ཚུད་ཡོད། མིག་སྔར་གློག་ཁང་27ནས་གློག་གཏོང་འགོ་ཚུགས་ཡོད།

འོད་ཤུགས་གློག་ཁང་ཆུང་གྲས་རེ་རེའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་100ཙམ་ལས་མེད་ཀྱང་སྡེ་ཁུལ་ཧྲིལ་པོར་འོད་སྣང་སྦྱིན་ཐུབ་ཀྱི་ཡོད། འོད་ཤུགས་གློག་ཁང་ཆུང་གྲས་དེ་དག་གིས་ཙམ་པབ་ཝེའི་ཐག་རིང་གྲོང་གསེབ་མང་པོ་ཞིག་ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་འཕྲུལ་ཆས་སྤྱོད་མི་དགོས་པར་ཁོར་ཡུག་སྲུང་སྐྱོང་དང་ནུས་ཆེའི་ཉི་ནུས་སྤྱོད་རྒྱུ་བྱུང་བས་དམངས་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

རྣམ་གྲངས་ཀྱི་དོ་བདག་ཕྱོགས་ཡིན་པའི་ཙམ་པབ་ཝེའི་གྲོང་གསེབ་གློག་ཤུགས་ཅན་ཐེབས་རྩའི་ལག་རྩལ་གྱི་འགན་འཁུར་བ་ཐའེ་ལན་ཐེ་ཡིས། འོད་ཤུགས་གློག་ཁང་ཆུང་གྲས་གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་ཚུགས་པ་དང་བསྟུན་ནས་ཙམ་པབ་ཝེའི་གྲོང་གསེབ་ཀྱི་ཡུལ་མི་དེ་བས་མང་བར་ནུས་རྒྱུ་གཙང་མ་སྤྱོད་རྒྱུ་བྱུང་ནས་ས་གནས་དེ་གའི་གློག་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད་ཅེས་བརྗོད། མཉམ་ལས་རོགས་ཟླ་དེ་བས་མང་བ་འོད་ཤུགས་གློག་ཁང་ཆུང་གྲས་འཕེལ་རྒྱས་ནང་ཞུགས་ཏེ་ཙམ་པབ་ཝེའི་རྒྱུན་མཐུད་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བསྟན་བློ་དང་བསྟན་བཟང་གིས་ཞུས)