《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月11日

ཧྲན་ཏུང་གིས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་པ།

འདི་ག་ཚགས་པར་ཁང་དུ་ཅི་ནན་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། 2024ལོའི་རྒྱལ་སྟོན་ངལ་གསོའི་རིང་ཧྲན་ཏུང་གིས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་200ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་2608.6ལ་སྣེ་ལེན་ཞུས་པར་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་15བྱུང་བ་དེ་དུས་མཚུངས་ལས་14.1%དང་12.3%སོ་སོར་འཕར་ཡོད།

ཧྲན་ཏུང་གི་ས་གནས་ཁག་གིས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་། ལས་རྣམ་གསར་པ། བྱེད་ཐབས་གསར་པ་བཅས་སྐྱེད་སྲིང་ཧུར་ཐག་བྱས་ནས་ཡུལ་སྐོར་ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་ཡོད། ཆུས་ཧྥུའུ་ཁུང་ཙི་རྟེན་མཛོད་ཁང་གིས་བརྗོད་དོན་གཙོ་བོའི་ཞིབ་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་པ་དང་། ཐའེ་ཨན་གྱིས“ཁུང་ཙིའི་སྤྱོད་བཟང་གོང་དུ་བཀུར”ཞེས་པའི་རི་བོ་ཐའེ་ཧྲན་དུ་ཡུལ་སྐོར་ལ་བསྐྱོད་པའི་བྱེད་སྒོ་སྤེལ་བ། ཏེ་ཀྲོའུ་ཆི་ཧོ་རྫོང་གིས་རྨ་ཆུའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་བྱས་ནས་རྨ་ཆུའི་རྒྱལ་སྤྱིའི་སྐྱེ་ཁམས་གྲོང་གི་ཡུལ་སྐོར་སྤྲོ་གསེང་ཁུལ་བཏོད་པ། ཅི་ནན་མིང་ཧྲུའེ་གནའ་གྲོང་གིས་མཚན་ལྗོངས་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་ནས་རིག་གནས་དང་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་བར་བྱས་ཡོད།

ཧྲན་ཏུང་གིས་ངལ་གསོའི་རིང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་ནས། རིག་གནས་དང་ཡུལ་སྐོར་ཁྲོམ་ར་སྔར་བས་དར་རྒྱས་གཏོང་བའི་ཕྱོགས་12ཐད་ཀྱི་སྲིད་ཇུས་བྱེད་ཐབས་100ལྷག་ཙམ་དོན་འཁྱོལ་ཡག་པོ་བྱས་ཏེ“ཧྲན་ཏུང་དུ་ཡུལ་སྐོར་བྱེད། རྒྱལ་སྟོན་དགའ་གཏོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དྲིལ་བསྒྲགས་སྐུལ་འདེད་བྱེད་སྒོ་1200ལྷག་ཙམ་སྤེལ་བ་དང་། མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་གཅོག་པ་སོགས་ཀྱི་དམངས་ཕན་བྱ་ཐབས་ལག་ལེན་བསྟར་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རྒྱལ་སྟོན་ངལ་གསོའི་རིང་ཧྲན་ཏུང་ཞིང་ཆེན་གྱིས་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་ཐེངས་8000ལྷག་ཙམ་སྒྲིག་འཛུགས་བྱས་པར་མི་ཐེངས་ཁྲི་4300ལྷག་ཙམ་ཞུགས་པ་དང་འཛད་སྤྱོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་23ཡན་ཟིན་པར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད།

(པད་ཆོས་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)