《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བུ་རོགས་གངས་རིའི་འཁྱཌ་ཐང་ནི་མཚོ་བོད་ས་མཐོའི་འཁྱགས་རོམ་མཐུག་ཤོས་ཡིན་པ་རྩད་ཞིབ་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཁོངས་སུ་ཡོད་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་བུ་རོགས་གངས་རིའི་འཁྱགས་ཐང་གི་སྒར་ས་ཆེན་པོ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བུ་རོགས་གངས་རིའི་འཁྱགས་ཐང་ནི་མཚོ་བོད་ས་མཐོའི་འཁྱགས་རོམ་མཐུག་ཤོས་དེ་ཡིན་པ་རྩད་ཞིབ་ཐུབ་པ་རེད།

ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཞུས་པོ་ཆིང་གིས“གློག་རླབས་བརྟག་བྱེད་འཕྲུལ་ཆས་ཐོག་ནས་གངས་འཁྱགས་དང་བྲག་རྡོ་ལས་འཕྲོས་པའི་གློག་ཁབ་ལེན་གྱི་རླབས་ཕྲེང་གི་རླབས་ཞེང་ལ་ཁྱད་པར་མངོན་གསལ་དོད་པོ་ཡོད་པ་མཐོང་ཐུབ། ཁྱད་པར་བྱུང་བའི་གཏིང་ཚད་ནས་ང་ཚོས་འཁྱགས་གཟུགས་ཀྱི་མཐུག་ཚད་ཤེས་ཐུབ”ཅེས་ངོ་སྤྲོད་བྱས།

མིག་སྔར་ཚད་འཇལ་ཐུབ་པའི་འཁྱགས་གཟུགས་མཐུག་ཤོས་ཁུལ་ནི་འཁྱགས་ཐང་ཨང་10པའི་འཁྱགས་རོམ་གྱི་ས་བབ་མཐོ་ཚད་སྨི་6100ཡི་མཚམས་སུ་ཆགས་ཡོད་པ་དང་མཐུག་ཚད་སྨི་400ལྷག་ཙམ་ཡོད་པ་རེད།

དེ་གོང་ཟིན་ཐོ་དེ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཁུ་ནུ་རི་བོ་ནུབ་མའི་ཀུའུ་ལི་ཡ་འཁྱགས་ཞྭ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཚན་རིག་མཁས་ཅན་གྱིས་1992ལོར་དེ་ག་ནས་རིང་ཚད་སྨི་308.6ཡོད་པ་དང་ལོ་རབས་བར་བརྒལ་ལོ་ཁྲི་70ལྷག་ཙམ་ཡོད་པའི་འཁྱགས་སྙིང་ཞིག་འབིགས་ལེན་བྱས་པ་དེ་ནི་མིག་སྔའི་འཕྲེད་ཐིག་ཏུའུ་གྲངས་འབྲིང་དམའི་ས་ཁུལ་གྱི་རིང་ཤོས་ཡིན་པ་རེད།

1999ལོར་ཤེས་རྟོགས་བྱུང་བ་ནས་བཟུང་། བུ་རོགས་གངས་རིའི་འཁྱགས་ཐང་དེ་ཉིད་རྒྱལ་སྤྱིའི་མཚོ་བོད་ས་མཐོའི་ཞིབ་འཇུག་བྱ་ཡུལ་གཙོ་བོར་གྱུར་བ་རེད།

ཨ་རིའི་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་གི་རྒྱལ་ཁོངས་ཕྱིའི་ཡོན་ཧྲི་ཐང་ཕུའུ་སེན་གྱིས“ང་ཚོས་དེའི་མཐུག་ཚད་དངོས་དང་དེ་བཞིན་ཆུ་གསོག་ཚད་ཤེས་རྟོགས་དེ་ཙམ་ཐུབ་ཀྱི་མེད། མཐུག་ཚད་དེ་ལྟ་བུའི་འཁྱགས་རིམ་གྱིས་བུ་རོགས་གངས་རིར་གནའ་བོའི་འཁྱགས་གཟུགས་གནས་སྲིད་པ་དང་དུས་ཡུན་དེ་བས་རིང་བའི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་འགྲོ་ཚུལ་གྱི་ཟིན་ཐོ་ཡོད་པ་མཚོན་གྱི་ཡོད”ཅེས་བཤད། མིག་སྔར་ཚན་ཞིབ་མི་སྣས་དེ་གར་འཁྱགས་སྙིང་ལེན་བཞིན་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཡའོ་ཐན་ཏུང་གིས། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་ཚུན། ཚན་རིག་རྟོག་ཞིབ་རུ་མིས་བུ་རོགས་གངས་རིའི་འཁྱགས་ཐང་གི་ས་ཁོངས་མི་འདྲ་བར་འཁྱགས་རོམ་གྱི་དེང་རབས་བརྒྱུད་རིམ་ལ་ལྟ་ཞིབ་ཚད་ལེན་དང་། འཁྱགས་སྙིང་འབིགས་ལེན། མཚོ་དང་བཞུར་རྒྱུན་ལྟ་ཞིབ་ཚད་ལེན་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱས་ནས། གནམ་གཤིས་འགྱུར་ལྡོག་ལས་འཁྱགས་རོམ་ཞུ་བ་དང་། བཞུར་རྒྱུན་འགྱུར་ལྡོག མཚོ་རྒྱ་སྐྱེད་སོགས་ཐད་ལ་ཤུགས་རྐྱེན་ཐེབས་པའི་ལམ་སྲོལ་སྔར་བས་གསལ་བཤད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)