《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

“འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རྫོགས་ མཐའ་མེད་པའི་སྒུལ་ཤུགས་བསྣན་པ”

འདི་ག་ཚགས་པར་གྱི་གསར་འགོད་པ། ཚུའེ་ཆིས།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75སོང་རིང་ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་ལ་བརྟན་ཐོག་ཡར་འཕེལ་བྱུང་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བརྟན་པོ་ཕྱིན་ནས་ཕྱི་ཕྱོགས་སྒོ་དབྱེར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་ལ་སོགས། ད་ཆ་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་དེ་རླུང་བརྟེན་རླབས་གཤགས་དང་བརྟན་བགྲོད་རྒྱང་འཁྱོལ་གྱིས་སྐྱོད་བཞིན་པ་དེ་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་དང་སྟོབས་ཤུགས་བརྟན་པོ་ཞིག་ཏུ་གྱུར་ཡོད།

“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་དེ་བས་ལེཊ་པར་བསྐངས་པ”

“ལོ་75ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་ནས་སྣ་ཁ་འཛོམས་པ་དང་རང་ཚུགས་འཐུས་ཚང་གི་བཟོ་ལས་མ་ལག་ཅིག་བསྐྲུན་ཏེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་ཡོད”ཁེར་གྷི་སི་ཐན་རྒྱལ་ཁབ་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཕྱི་དོན་བློ་འདྲི་བ་ཧྲེ་ལ་ཏིར·པཱ་ཁེ་ཐེ་ཀུའུ་ལུའོ་ཧྥུའུ་ཡིས་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཐོན་ལས་རིགས་དབྱེའི་ཁྲོད་ཀྱི་བཟོ་ལས་སྣ་ཁ་ཆ་ཚང་ཡོད་པའི་འཛམ་གླིང་ཐོག་གི་རྒྱལ་ཁབ་གཅིག་པུ་དེ་རེད་ལ། གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོ་དང་། དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་དང་པོ། ཚོང་ཟོག་འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེན་པོ་གཉིས་པ་བཅས་དང་། དེ་བཞིན་ཕྱི་དངུལ་གྲབས་གསོག་གི་རྒྱལ་ཁབ་ཆེན་པོ་དང་པོའང་རེད། གྲུབ་འབྲས་དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གཟིགས་རྒྱང་རིང་པོས་ཡུན་རིང་འཐབ་ཇུས་འཆར་འགོད་ལ་མཐོང་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད།

དཔལ་འབྱོར་བསྡོམས་འབོར་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་དུས་མཚུངས་ཀྲུང་གོའི་ཚན་རྩལ་གྱི་སྟོབས་ཤུགས་དང་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དེ་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་དང་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ལྡན་པ་མངོན་ཡོད། 2013ལོ་ནས་2023ལོའི་བར། ཀྲུང་གོའི་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་8.7%དང་10.3%སོ་སོར་འཕར་བ་དང་། 2023ལོའི་ལོ་མཇུག་བར་རྒྱལ་ཁབ་རིམ་པའི་རིག་ནུས་བཟོ་སྐྲུན་དཔེ་སྟོན་བཟོ་གྲྭ་421དང་། ཞིང་ཆེན་རིམ་པའི་གྲངས་འཛིན་ཅན་གྱི་འཁོར་ཁང་དང་རིག་ནུས་བཟོ་གྲྭ་ཁྲི་གཅིག་ལྷག་ཙམ་སྐྱེད་སྲིང་བྱས་པ། གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་ལོ་མང་བསྟུད་མར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ་དང་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར་དང་སྒུལ་བདེའི་གཏོང་སྤྲོད་ཉོ་ཚོང་གི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་ལ་སོགས་རེད།

ཨེ་ཅིབ་ཀྱི་ཨེ་ཀྲུང་ཚོང་ཚོགས་ཀྱི་དྲུང་ཆེ་ཏི་ཡ·ཧོར་སྨི་ཡིས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་དང་བརྟན་པོ་འགྲོ་བ་དེ་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་ཁ་འབྲལ་ཐབས་མེད་ཅེས་དང་། “ངས་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱེད་མྱོང་། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་དེ་བས་ལེགས་པར་བསྐངས་པར་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད་པ་དང་། ཡང་ཁོང་གིས་མིག་སྔར་ཀྲུང་གོའི་མི་ཐབས་རིག་ནུས་སོགས་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། དེང་རབས་ཞིང་ལས་དང་། ལྗང་མདོག་ནུས་རྒྱུ། གྲངས་འཛིན་ཅན་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཚང་མར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བརྗོད།

“ང་ཚོས་ཀྲུང་གོར་མ་དངུལ་གཏོང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང”

རིང་མིན་གོང་དུ་ཧྲི་ནའེ་ཏེ་གློག་ཤུགས་ཅིན་ཧྲན་གསར་གཏོད་ཚོད་ལྟའི་གླིང་གི་དུས་ཐེངས་གཉིས་པ་ཧྲང་ཧའེ་རུ་དངོས་སུ་བསྐྲུན་པ་ལས་ཞིབ་འཇུག་གསར་སྤེལ་གྱི་ཚོད་ལྟ་དང་ལེན་བྱེད་པའི་མྱུར་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་ཐོན་རྫས་གསར་པ་དེ་ཐ་སྙད་ཙམ་ནས་ཁྲོམ་རའི་བར་གྱི་ཞིབ་འཇུག་གསར་སྤེལ་གྱི་དུས་འཁོར་མངོན་གསལ་དོད་པོས་ཐུང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་ཧྲི་ནའེ་ཏེ་གློག་ཤུགས་ཀྱིས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཀོད་སྒྲིག་རྒྱུན་མཐུད་བྱས་ནས་ལོ་ལྟར་ཀྲུང་གོར་ཞིབ་འཇུག་གསར་སྤེལ་དང་མ་འཇོག་བྱེད་ཚད་15%ཡན་མང་དུ་བཏང་སྟེ། ཅང་སུའུ་ཝུའུ་ཤིས་སུ་ལྗང་མདོག་རིག་ལྡན་ཐོན་ལས་གླིང་སྐྲུན་བཞིན་ཡོད་པ་རེད།

“ཀྲུང་གོ་ནི་ང་ཚོའི་ཁྲོམ་ར་ཆེ་ཤོས་ཡིན”ཧྲི་ནའེ་ཏེ་གློག་ཤུགས་གོ་ལ་ཧྲིལ་པོའི་ལག་བསྟར་ཙུང་ཚའེ་གཞོན་པ་པཱ་པཱ་ལཱ·ཧྥུའུ་ལའེ་ཡིས“ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེ་བས་དེ་བས་སྒོ་དབྱེའི་རྣམ་འགྱུར་གྱི་ཐོག་ནས་གསར་གཏོད་ལ་ལྕག་སྐུལ་བྱས་པ་དེས་ང་ཚོའི་ལས་སྒོར་སྒུལ་ཤུགས་གསར་པ་བསྣན་བྱུང་ལ་གོ་སྐབས་མང་པོའང་སྦྱིན་བྱུང”ཞེས་བརྗོད།

ཀྲུང་གོར་མ་དངུལ་གཏོང་བ་དང་ཀྲུང་གོར་རྒྱུས་མངའ་ལོན་པ་བྱེད་པ་ནི་རྒྱལ་སྒྲོལ་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཆེན་པོ་བྱས་པ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་། ལྷག་པར་དུ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་རྒྱུན་མཐུད་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་པ་དང་ཆབས་ཅིག ཀྲུང་གོའི་ཁྲོམ་རའི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། 2023ལོར་ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་53766གསར་དུ་བཙུགས་པ་དེ་དུས་མཚུངས་ལས་39.7%འཕར་བ་དང་། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་བཞག་པའི་མ་དངུལ་ཨ་སྒོར་དུང་ཕྱུར་1633དངོས་སུ་བེད་སྤྱོད་བྱས་པ་དེ་1983ལོ་ལས་ལྡབ་176འཕར་ནས་དེའི་གཞི་ཁྱོན་ལོ་མང་བསྟུད་མར་འཛམ་གླིང་གི་སྔོན་དུ་སླེབས་པ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་གི་ཨང་རིམ་ཁྲོད་ཀྲུང་གོའི་གནས་རིམ་རིམ་བཞིན་མཐོ་རུ་ཕྱིན་ཡོད།

ད་ལོའི་ཟླ་8པར། དབྱིན་ཇིའི་ཨ་སི་ལི་ཁང་ཀུང་སིས་ཧྲན་ཏུང་ཆིང་ཏའོ་རུ་རྔུབ་འཐེན་རླངས་སྨུག་རྫས་སྦྱོར་གོ་ལ་ཧྲིལ་པོའི་ཐོན་སྐྱེད་མཁོ་སྤྲོད་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུའི་མ་དངུལ་སླར་ཡང་མང་དུ་བཏང་བར་རྟེན་གཞིར་རིམ་རྩིས་བྱས་ན་མ་དངུལ་ཨ་སྒོར་དུང་ཕྱུར་7བཏང་ཡོད་པ་རེད། ཨ་སི་ལི་ཁང་ཀུང་སིའི་གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་སུའུ་པོ་ཁོའོ་ཡིས། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་བཏང་བ་དང“ང་ཚོས་ཀྲུང་གོར་མ་འཇོག་བྱེད་པའི་ཡིད་ཆེས་སྔར་བས་ཆེ་རུ་དང་ཀྲུང་གོར་ཡུན་རིང་འཕེལ་རྒྱས་བཏང་ནས་སྡོད་པའི་ཆོད་སེམས་བརྟན་དུ་ཕྱིན་སོང”ཞེས་བརྗོད།

“རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་ཕུལ་བ”

ལོ་75ཡི་རིང་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་དབྱེའི་ལམ་བུ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ནང་ཧུར་ཐག་ཞུགས་ཏེ་ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་ཟབ་པའི་ཕྱི་ཕྱོགས་སྒོ་དབྱེའི་བཀོད་པ་གསར་པ་ཞིག་ཆགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། གདེང་ཚོད་དང་། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཀྲུང་གོས་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་དར་རྒྱས་དང་གོང་འཕེལ་ལ་རྒྱུན་ཆད་མེད་པར་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་བཞིན་ཡོད།

ཐེ་ལན་གྱི་ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝུའེ་ལུན·ཕི་ཁྲའེ་ཝུང་ཕ་ཏིས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱས་པ་དེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཁོར་འབྲེལ་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་ལས་མཉམ་སྐྲུན་རྒྱལ་ཁབ་དབར་སྔར་བྱུང་མྱོང་མེད་པའི་འབྲེལ་མཐུད་ཐུབ་ཡོད་པའི་ངོས་འཛིན་བྱས་པ་རེད།

སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལེགས་གྲུབ་ལྡན་པའི་ལག་ལེན་ཞིག་རེད། མིག་སྔའི་བར་ཀྲུང་གོས་རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡོ་རོབ་ཀྱི་རྒྱལ་ཁབ་25དང་གྲོང་ཁྱེར་200ལྷག་ཙམ་ལ་ཤར་གཏོང་ཐུབ་པ་དང་། རྒྱལ་ཁབ་དང་ས་ཁུལ་29དང་རང་མོས་ཚོང་དོན་གྱི་གྲོས་མཐུན་ཁག་22བཞག་ནས། རང་མོས་ཚོང་དོན་རོགས་ཟླའི་ཚོང་དོན་དངུལ་འབོར་གྱིས་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་དངུལ་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་པ། ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཞབས་ཞུའི་ཚོང་དོན་ཚོང་འདུས། འཛད་རྫས་དངོས་མང་སྟོན་ཚོགས་བཅས་མུ་མཐུད་གཉེར་ནས་ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་མཁོ་འདོན་བྱས་པ། ཆུ་ཚོད་144ཡི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་སྤྱད་འཐུས་ཁྱབ་ཁོངས་འགག་སྒོ་37དང་རྒྱལ་ཁབ་54བར་མང་དུ་བཏང་ནས་གཏོང་སྤྲོད་ཞབས་ཞུ་མུ་མཐུད་ལེགས་སུ་བཏང་བ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་ཀྲུང་གོར་ཡོང་རྒྱུའི་ཡིད་དབང་བཀུག་ནས་དངོས་ཡོད་དང་ཕྱོགས་ཡོངས་ཀྱི་ཀྲུང་གོར་དངོས་སུ་བདེན་དཔང་བྱས་པ་རེད།

(བསོད་བདེ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)