《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

རྒྱལ་སྟོན་ངལ་གསོའི་རིང་རྒྱལ་ཡོངས་ཀྱི་བདེ་ འཇགས་སྒྲིག་ལམ་ཡག་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། རྒྱལ་སྟོན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལྷིང་འཇགས་འཆམ་མཐུན་གྱི་རྣམ་པའི་ཁྲོད་རྒྱལ་སྟོན་དགའ་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། ཚེས་7ཉིན་གྱི་ཆུ་ཚོད་18བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་བདེ་འཇགས་ཀྱི་སྒྲིག་ལམ་ཡག་པོ་བྱུང་ནས་ཉེས་དོན་དང་བདེ་སྐྱོང་ཉེན་རྟོག་པ་བཏང་བའི་གནས་ཚུལ་དུས་མཚུངས་ལས་5.7%དང་20.4%སོ་སོར་ཆག་པ་དང་རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།

ངལ་གསོའི་རིང་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་58བཏང་བ་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་མི་ཐེངས་ཁྲི་340སྒྲིག་འཛུགས་བྱས་ནས་མཛེས་ལྗོངས་ཁུལ་དང་། འདུ་འཛི་ཆེ་བའི་ཁྲོམ་གཞུང་། འགྲིམ་འགྲུལ་བབས་ཚུགས་སོགས་གཙོ་གནད་ས་ཁོངས་དང་མི་སྣ་འདུ་འཛོམས་ཆེ་སར་དམིགས་སུ་སྐོར་གཡེང་སྔོན་འགོག་དང་བཀག་སྡོམ་བྱས་ཏེ་སྤྱི་ཚོགས་ངོས་ཀྱི་སྤྱི་ཡོངས་སྔོན་འགོག་དང་བཀག་སྡོམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། དེ་དང་ཆབས་ཅིག་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་། “རྐུ་འཕྲོག་བསླུ་གསུམ” “འཆལ་རྒྱན་དུག་གསུམ” “བཟའ་བཅའ་དང་། སྨན་རྫས། ཁོར་ཡུག”བཅས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་1357.4དང་འགྲིམ་འགྲུལ་སྐྱེལ་འདྲེན་འཕྲུལ་འཁོར་ཐེངས་ཁྲི་60.6ལ་ཞིབ་བཤེར་བྱས་ཏེ་རྒྱལ་ཡོངས་ཀྱི་འགག་སྒོ་དང་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་ཡོད།

ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་དོན་རྐྱེན་ཚབས་ཆེན་ནུས་ཤུགས་ཡོད་རྒུས་མ་ཐོན་སྔོན་འགོག་བྱས་ཡོད། ངལ་གསོའི་རིང་གཞུང་ལམ་འགྲུལ་བཞུད་རྒྱུན་མཐུད་མང་དུ་འགྲོ་བར་དམིགས་ཏེ་ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉིན་རེར་ཆ་སྙོམས་ཉེན་རྟོག་པ་མི་ཐེངས་ཁྲི་18དང་ཉེན་རྟོག་རླངས་འཁོར་ཐེངས་ཁྲི་6བཏང་སྟེ་གྲོང་ཁྱེར་མཐའ་འཁོར་དང་མཛེས་ལྗོངས་ཁུལ་སོགས་ཀྱི་གཙོ་གནད་གཞུང་ལམ་དང་དེ་བཞིན་འགྲིམ་འགྲུལ་འགག་སླ་བའི་ལམ་དུམ་བཤངས་པ་དང་བཀག་སྡོམ་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ད་དུང“འགྲུལ་སྐྱེལ་རླངས་འཁོར་གཉིས་དང་། ཉེན་ཡོད་རླངས་འཁོར་གཅིག དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གཅིག”སོགས་གཙོ་གནད་རླངས་འཁོར་ལ་དོ་དམ་ནན་པོ་དང“ཚད་བརྒལ་གསུམ་དང་ངལ་དུབ་འཁོར་གཏོང་གཅིག”དང་། ར་བཟི་འཁོར་གཏོང་། ཆང་བཏུངས་འཁོར་གཏོང་། གྲོང་གསེབ་ཀྱི“སྒྲིག་འགལ་གཉིས”བཅས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་ལ་ཞིབ་བཤེར་ནན་པོ་བྱས་པས་རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྤྱིར་ན་བརྟན་པོ་དང་གོ་རིམ་ལྡན་པ་བྱུང་ཡོད། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མེ་འཁོར་དང་དུས་གཏན་གནམ་གྲུའི་བདེ་འཇགས་འགོག་ཟོན་དང་དོ་དམ་བཀག་སྡོམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་བདེ་འཇགས་ངང་ཕྱོགས་ལ་ཐོན་ཐུབ་པའི་འགན་ལེན་བྱས་ཡོད།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཟླ་ཕུར་གྱིས་ཞུས)