《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月09日

ཀྲུང་གོ་དང་ཡོ་རོབ་ཀྱིས“ཕན་ཚུན་རྒྱབ་སྐྱོར་བྱེད་པ་ལས་འགོག་རྐྱེན་བཟོ་མི་ཉན”

—— འཇར་མན་པཱ་ཧྥ་ལི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཨེ་དབང་ཀེ་ལ་བཅར་འདྲི་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཧན་ལིན།

“ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སྒོ་ཁྲལ་སྤོར་རྒྱུར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཀྲུང་གོའི་རླངས་འཁོར་མུ་མཐུད་ཡོ་རོབ་ཏུ་ཕྱིར་གཏོང་ཐུབ་པའི་རེ་བ་ཡོད”ཅེས་འཇར་མན་པཱ་ཧྥ་ལི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་དང་ཀྲོའུ་དེའི་དཔལ་འབྱོར་དང་། འཕེལ་རྒྱས། ནུས་རྒྱུ་བཅས་ཀྱི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཧུའུ་པེ་ཐེ·ཨེ་དབང་ཀེ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་རླངས་འཁོར་ཐོན་ལས་ལ་བཀོལ་སྤྱོད་བྱས་པའི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་ཐབས་ལ་དམིགས་ཏེ། ཨེ་དབང་ཀེ་ཡིས“ཡོ་རོབ་ཀྱིས་ཀྲུང་གོའི་རླངས་འཁོར་བཟོ་ལས་ལ་ཚོད་འཛིན་བཟོ་བའི་བྱེད་ཐབས་སྤྱོད་རྩིས་ཡོད་མོད། འོན་ཀྱང་པཱ་ཧྥ་ལི་ཡ་ཀྲོའུ་སྲིད་གཞུང་གིས་སྲིད་ཇུས་དེ་རིགས་ལ་རྒྱབ་སྐྱོར་བྱེད་ཀྱི་མིན། ང་ཚོས་འཛིན་པའི་འདོད་ཚུལ་ནི་ཕན་ཚུན་རྒྱབ་སྐྱོར་བྱེད་པ་ལས་འགོག་རྐྱེན་བཟོ་མི་ཉན་བ་དེ་ཡིན”ཞེས་ནན་བཤད་བྱས་པ་རེད།

ཨེ་དབང་ཀེ་ཡིས། ཀྲུང་གོ་དང“འབྲེལ་ཐག་གཅོད་པར”པཱ་ཧྥ་ལི་ཡ་ཀྲོའུ་ཡིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་འབྲེལ་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་ཡང་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།

ཨེ་དབང་ཀེ་ཡིས་དགེ་མཚན་ལྡན་པའི་འགྲན་རྩོད་ཀྱིས་ཐུན་མོང་ཡར་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། འདྲ་མཉམ་གྱི་འགྲན་རྩོད་ནི་མཉམ་ལས་འཕེལ་རྒྱས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“འདྲ་མཉམ་འགྲན་རྩོད་ཀྱི་རྨང་གཞིའི་ཐོག་ང་ཚོས་འབྱུང་འགྱུར་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བར་རྒྱུ་རྐྱེན་གང་རུང་ཞིག་གིས་ཀྱང་འགོག་རྐྱེན་བཟོ་མི་ཐུབ”ཅེས་བརྗོད་པ་རེད།

“གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཀྲུང་གོར་ཕྱིར་གཏོང་གི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ཀྲུང་གོའི་ཐོན་རྫས་ཀྱིས་ང་ཚོའི་འཚོ་བར་སྟབས་བདེ་བསྐྲུན་པ་མ་ཟད། དཔལ་འབྱོར་དར་རྒྱས་ལ་ཡང་སྐུལ་འདེད་ཐེབས་ཡོད”ཅེས་ཨེ་དབང་ཀེ་ཡིས་བརྗོད་པ་དང་། པཱ་ཧྥ་ལི་ཡ་དང་འཇར་མན་གྱི་ཁྲོམ་རར་ཀྲུང་གོའི་ཁེ་ལས་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ལུགས་བསྟན་པ་རེད།

ཨེ་དབང་ཀེ་ཡིས། ཀྲུང་གོ་ནི་པཱ་ཧྥ་ལི་ཡའི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་འབྲེལ་བ་ཉེ་བའི་ལོ་ཤས་རིང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུའི་འཆར་གཞི་ཡོད་ལུགས་བསྟན་པ་དང་གོ་སྐབས་དེ་དང་བསྟུན་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་འབྲེལ་འགྲིམ་འགྲུལ་དང་། བདེ་འཇགས། དཔལ་འབྱོར་སྲིད་ཇུས་སོགས་ཀྱི་གནད་དོན་གལ་ཆེན་ཐད་ལའང་ཀྲུང་གོ་ཕྱོགས་དང་གྲོས་བསྡུར་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)