《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月09日

རང་རྒྱལ་ཁབ་ཀྱི་དར་རྒྱས་དང་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ལྟ་རྟོག་བྱེད་པའི་སྤྱི་འགྲོས་གསར་པ་བཏོད་པ།

ཡུས་ཏེ་ཧྲོ།

ཀྲུང་གོ་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་བརྗིད་ཉམས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་ངོ་སྟོང་གི་འཕོ་འགྱུར་བརྒྱུད་དེ་འཛམ་གླིང་ཐོག་འགྱིང་ངེར་གནས་ཡོད། དེང་གི་ཀྲུང་གོར་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཁེངས་ནས་འཛམ་གླིང་ལ་གོ་སྐབས་ཟམ་མི་ཆད་པར་སྐྲུན་བཞིན་ཡོད།

ཀྲུང་གོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་སོར་འཇོག་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྔོན་ཐོན་ཉམས་མྱོང་རྒྱ་ཁྱབ་ངང་བསྡུ་ལེན་ཡང་བྱས་ཡོད། ཀྲུང་གོས་ལོ་བཅུ་ཕྲག་འགའི་ནང་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལོ་ངོ་བརྒྱ་ཕྲག་འགའི་རིང་གི་བཟོ་ལས་ཅན་གྱི་ལམ་བུར་བསྐྱོད་པ་ནི་མི་རྣམས་ཧང་སངས་དགོས་པ་ཞིག་རེད།

ཀྲུང་གོས་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དང་ཤེས་དཔལ་མི་འདྲ་བའི་དབར་འདྲ་མཉམ་གྱིས་གླེང་མོལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དར་སྤེལ་བཏང་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱིས་ཐོག་མཐའ་བར་གསུམ་དུ་གཞན་གྱི་ཡོན་ཏན་ལ་བརྩི་འཇོག་དང་དང་ལེན་བྱེད་ཀྱི་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་ཁྲོད་ཀྲུང་གོས་རྒྱལ་ཁབ་ཁག་ནི་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དགོངས་དོན་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱེད་ཀྱི་ཡོད། དེ་ལས་རྒྱལ་ཁབ་གཞན་གྱི་ཤེས་དཔལ་རིག་གནས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཁོང་ཡངས་དང་བརྩི་འཇོག་བྱེད་ཀྱི་ཡོད་པ་གང་ལེགས་མཚོན་ཡོད། འཛམ་གླིང་གི་གར་སྟེགས་ཐོག་ཀྲུང་གོས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་ལས་དར་སྤེལ་གཏོང་བ། ཛ་དྲག་གི་དུས་བབ་ཞི་ལྷོད་དུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྒྱུན་སྲིང་ལྷོད་མེད་ངང་ཚན་རྩལ་གསར་གཏོད་དང་། གྲངས་གཞི་ཅན་གྱི་ཕྱོགས་སྒྱུར། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད། ཀྲུང་གོས་དཔལ་འབྱོར་རྒྱུན་མཐུད་ཆོག་པ་དང་འགྲན་རྩོད་ནུས་པ་མཉམ་གནས་ཀྱི་འཕེལ་རྒྱས་ལམ་བུ་གསར་པར་ཧུར་ཐག་སྐྱོད་བཞིན་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་དེང་གི་དུས་འདིར། ཀྲུང་གོས་རང་ངོས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་མ་ཟད། རྒྱལ་སྤྱིར་མཉམ་ལས་རྒྱ་ཁྱབ་བྱས་པ་བརྒྱུད། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་གི་ཡོད། ཀྲུང་གོས་ལྗང་མདོག་ནུས་རྒྱུ་དང་རིག་ནུས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་མ་དངུལ་ཤུགས་ཆེན་བཏང་སྟེ་རང་རྒྱལ་ཁབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ཁབ་ཁག་ལ་མཉམ་ལས་ཀྱི་གོ་སྐབས་དེ་བས་བཏོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་བློ་འབྱེད་དང་གོ་སྐབས་གསར་པ་སྦྱིན་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རང་རྒྱལ་ཁབ་ཀྱི་དར་རྒྱས་དང་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ལྟ་རྟོག་བྱེད་པའི་སྤྱི་འགྲོས་གསར་པ་ཞིག་བཏོད་ཡོད། ཤེས་དཔལ་ཐད་སྐད་ཆ་ཤོད་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་བརྒྱུད་ཀྲུང་གོས་གོ་ལ་ཧྲིལ་པོའི་ཞི་བདེ་དང་དར་རྒྱས་ཆེད་རྒྱུན་ཆད་མེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

(རྩོམ་པ་པོ་དབྱིན་ཇིའི་པཱ་སི་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཟུར་པ་དང་རྒྱ་རིག་པ་མཁས་ཅན་ཡིན)

(རིག་རྡོར་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)