ཡཱ་ལི་ཧྲན་ཏ·ལུའོ་མཱ་ནུའོ་ཧྥུའུ།
ཀྲུང་གོས་དོན་གཉེར་བྱེད་པ་ནི་ཐབས་མཁས་རང་སྲུང་གི་དེང་རབས་ཅན་ཞིག་མིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོས་སྒོ་དབྱེ་མཉམ་ལས་ཀྱི་ཁེ་སྤོགས་དེ་བས་མང་བ་སྤྲད་ནས་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་གསལ་པོ་བསྟན་ཡོད།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་དེས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཛམ་གླིང་གིས་དུས་རབས་གསར་པའི་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་མཁོ་འདོན་ཡང་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་པ་དང་། སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་300ལྷག་བཏོན་ནས་སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པ་བྱ་རྒྱུའི་ཀྲུང་གོའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།
《གཏན་འབེབས》ནང་བཏོན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་དག་གིས་གཏིང་ཟབ་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་སེལ་བ་དང་། ཀྲུང་གོའི་སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱེད་པ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུར་ཕན་པ་ཐོབ་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་རྒྱུ་ཡིན་པ་རེད།
《གཏན་འབེབས》ནང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཆེད་མངགས་བཀོད་སྒྲིག་བྱས་ཏེ། ལམ་ལུགས་ཅན་གྱི་སྒོ་དབྱེ་བར་རྒྱ་ཆེར་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་རྩ་འཇོག་པ་དང་ཕྱི་ཕྱོགས་ལ་མ་རྩ་འཇོག་པའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་སྒོ་དབྱེ་བཀོད་སྒྲིག་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བརྟན་པོ་བྱེད་དགོས་པའི་ནན་བཤད་བྱས་པ་དེ་ལས་ཀྲུང་གོའི་སྒོ་མོ་འབྱེད་རྒྱ་ཇེ་ཆེར་འགྲོ་ངེས་ཡིན་པ་གང་ལེགས་མཚོན་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཀྲུང་གོས་རང་ངོས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་ཟམ་མི་ཆད་པར་བྱ་རྒྱུ་རེད།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོས་སྒོ་དབྱེ་མཉམ་ལས་ཀྱི་ཁེ་སྤོགས་དེ་བས་མང་བ་སྤྲད་དེ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོས་མཉམ་ལས་གཉིས་ཁེ་དང་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་ལ་དེ་བས་ཡངས་པའི་ཁྲོམ་རའི་གོ་སྐབས་དང་། མ་འཇོག་གི་གོ་སྐབས། དཔལ་འབྱོར་འཕར་བའི་གོ་སྐབས་བཅས་གཏོད་རྒྱུ་དང་རྒྱལ་ཁབ་ཁག་དང་ཕན་ཚུན་རམ་འདེགས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་ཐབས་བྱ་རྒྱུ་ཡིན་པ་གསལ་པོར་བསྟན་ཡོད།
(རྩོམ་པ་པོ་ནི་ཨུ་རུ་སུའི་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ)
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)