《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月30日

དེང་རབས་ཅན་གྱི་ལམ་བུར་མཉམ་དུ་བསྐྱོད་ནས་འཕེལ་རྒྱས་མགྱོགས་མྱུར་བཏང་།

——གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལས་ཐུན་མོང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་འབོད་སྒྲ་གྲགས་པ།

འདི་ནི་2022ལོའི་ཟླ་7ཚེས་11ཉིན། ནེ་པ་ལའི་ཀ་ཏ་མན་རྡུར་སློབ་མ་ཚོས་སྐྱིད་པའི་འཛུམ་མདངས་འཕྱུར་བའི་རྣམ་གྲངས་འགོ་ཚུགས་མཛད་སྒོ་འཚོགས་རྗེས་ཟ་མ་ཟ་བཞིན་པ། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཐེབས་རྩ”ཡིས་རྒྱབ་སྐྱོར་བྱས་པའི་འཛུམ་མདངས་འཕྱུར་བའི་བྱིས་པའི་རྣམ་གྲངས་འགོ་ཚུགས་མཛད་སྒོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་སློབ་འབྲིང་ཞིག་ཏུ་འཚོགས་ཤིང་། རྣམ་གྲངས་དེས་ནེ་པ་ལའི་སློབ་མ་3600ལ་ཕན་པ་ཐོབ་ཡོད་པ་རེད།

འདི་ནི་2024ལོའི་ཟླ་2ཚེས་28ཉིན། ཕ་ཕུ་ཡ་ཀུའི་ནེ་ཡ་དང་། ཐང་ཀ ཁུའུ་ཁེ་གླིང་ཚོམ། ས་མོ་ཡ། ནོ་རུ་སོགས་རྒྱལ་ཁབ་ནས་ཡོང་བའི“ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཤ་མོ་འདེབས་གསོའི་རྩྭའི་ལག་རྩལ་གསོ་སྦྱོང་འཛིན་གྲྭའི”སློབ་མས་ཧྥི་ཅིའི་པུ་ལ་ཨ་ཀེ་ལུའུ་ཤ་མོ་འདེབས་གསོའི་རྩྭའི་ལག་རྩལ་དཔེ་སྟོན་རྟེན་གཞིར་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

འདི་ནི་2024ལོའི་ཟླ་8ཚེས་13ཉིན། རུ་ཝང་ཏའི་ལྷོ་ཕྱོགས་ཞིང་ཆེན་ཧུའུ་ཡེ་ཆུས་ཀྱི་ཀྲུང་གོས་རུ་ཝང་ཏར་རོགས་སྐྱོར་བྱས་པའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་སུ་ཤ་མོ་འདེབས་གསོའི་རྩྭའི་རིགས་གཅིག་མཁས་ཅན་ཁྲེན་ཞའོ་པིན(གཡས་ཀྱི་གཉིས་པ)གྱིས་ས་གནས་དེ་གའི་ཞིང་པ་དང་མཉམ་དུ་ཤ་མོ་འདེབས་རྩིས་བྱེད་བཞིན་པ།

འདི་ནི་2024ལོའི་ཟླ་7ཚེས་3ཉིན། ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེ་རུ་ཡོད་པའི་ལུའུ་པན་བཟོ་ཁང་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་མཁན་ཕྱི་སྦྱོང་སློབ་མས་སློབ་བསྡུའི་བརྡ་ཐོ་སྟོན་བཞིན་པ།

འདི་ནི་2024ལོའི་ཟླ་8ཚེས་10ཉིན། ཧྥེ་ཅིར་ཐེ·ཅ་པུའུ་ལུའེ་ཡིས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་སྨྱུག་བསླས་བཟོ་ཁང་དུ་སྨྱུག་བསླས་ཐོན་རྫས་ལས་སྣོན་བྱེད་བཞིན་པ།

འདི་ནི་2024ལོའི་ཟླ་8ཚེས་14ཉིན། རུ་ཝང་ཏའི་ལྷོ་ཕྱོགས་ཞིང་ཆེན་ཧུའུ་ཡེ་ཆུས་སུ་ཆུ་འབྲས་རིགས་གཅིག་མཁས་ཅན་ཀྲེན་རུའེ་ཅིན(གཡོན)གྱིས་འབྲས་ཞིང་ནང་ས་གནས་དེ་གའི་འབྲས་འདེབས་ཞིང་པར་ལྗང་པ་རྩ་སྤོས་རྒྱག་སྟངས་སློབ་བཞིན་པ།

འདི་ནི་2024ལོའི་ཟླ་7ཚེས་17ཉིན། ཀྲུང་གོ་ཚ་ཁུལ་ཞིང་ལས་ཚན་རིག་ཁང་སན་ཡཱ་ཞིབ་འཇུག་ཁང་དུ་རིམ་པ་གཉིས་པའི་ཞིབ་འཇུག་པ་ཁྲེན་ཆིང(གཡས)གིས་ནི་ཀྲེ་རི་ཡའི་ཕྱི་སྦྱོང་སློབ་མ་ཀེ་ལེ་ཀེ་ལིར་ཤིང་འབྲས་མུའུ་ཧྲུའུ་ཡི་གནོད་འབུ་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་འཇུག་ཚོད་ལྟ་བྱེད་སྟངས་སློབ་བཞིན་པ།

འདི་ནི་2023ལོའི་ཟླ་9ཚེས་19ཉིན། ས་གནས་དེ་གའི་ལས་བཟོས་ནི་ཀྲེ་རི་ཡའི་ཨ་པུ་ཅའི་ཀྲུང་གོས་རོགས་སྐྱོར་བྱས་པའི་ནི་ཀྲེ་རི་ཡའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་སུ་ལྗང་པ་སྟོན་བཞིན་པ།

འདི་ནི་2023ལོའི་ཟླ་7ཚེས་25ཉིན། ཀྲུང་གོས་རོགས་སྐྱོར་བྱས་པའི་སྲུང་སྐར་བརྙན་འཕྲིན་གྱི་གནམ་སྐུད་བསྒར་བའི་ཁང་པའི་མདུན་དུ་མོ་ཙམ་པི་ཁེའི་མོ་ཕུ་ཐོ་ཞིང་ཆེན་ཕི་ཁོ་ཁོ་གྲོང་ཚོའི་སློབ་གྲྭའི་སློབ་ཕྲུག་ཚོས་དགའ་འབོད་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཆའོ་ཅི་ཧུང་དང་། ཀྲང་ཏའེ་ལེ། ཏེང་ཆན།

ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གཉེར་རིང་གི་ཉིན་5ཡི་ནང་ཕྱོགས་གཉིས་དང་ཕྱོགས་མང་གི་བྱེད་སྒོ་ཐེངས་50ཙམ་སྤེལ་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁའི་རོགས་ཟླ་རྣམས་བྱེད་སྒོ་གཟབ་རྒྱས་ལ་མཉམ་དུ་ཞུགས་པ་རེད། ཕྱོགས་གཉིས་པོའི་གྲོས་མོལ་དང་། མཉམ་འབྲེལ་གསལ་བསྒྲགས། དབུ་ཚོགས་ཀྱི་ཤིས་ཚིག་བཅས་ནང“འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོ་འགོ་ནས་མཇུག་བར་ཁྱབ་པ་དང“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ”དང“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ཐུན་མོང་ཐོག་དོན་འཁྱོལ་བྱེད་འདོད་ཡོད”ཅེས་པ་ཐོན་མང་བའི་ཐ་སྙད་ལ་གྱུར་ཏེ་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་འབོད་སྒྲ་གྲགས་ཡོད།

2021ལོའི་ཟླ་9ཚེས་21ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་དྲུག་གི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ཏེ་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་ཡོད།

གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ཚུན། འདུ་ཤེས་དེའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། དོན་འཁྱོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཐབས་ལམ་སྔར་བས་གསལ་དུ་འགྲོ་བར་སྐུལ་འདེད་བཏང་བ། དངོས་སྒྲུབ་མཉམ་ལས་རིམ་བཞིན་དོན་འཁྱོལ་བྱས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གནད་དོན་ལ་དོ་སྣང་བྱེད་པར་སྐུལ་འདེད་བཏང་བ། འབྱུང་འགྱུར་ལ་ཕྱོགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་འགལ་རྐྱེན་བསལ་བ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་པའི་ཀྲུང་གོའི་ཇུས་གཞི་བཏོན་ཡོད།

གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི“མཐའ་འཁྱོངས་དྲུག”གི་འདུ་ཤེས་ཀྱི་རྩ་དོན་ནང“སྔོན་ཚུད་འཕེལ་རྒྱས”ཨང་དང་པོར་བཞག་ཡོད། རྒྱུན་སྲིང་ལྷོད་མེད་དང་དར་ཆ་གསལ་སྟོན་གྱིས་འཕེལ་རྒྱས་དར་སྤེལ་བཏང་བར་བརྟེན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་མི་སེམས་ལ་གཏིང་ཟབ་ཟུག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་དང་དེ་བཞིན་དང་ལེན་ཧུར་ཐག་བྱས་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སུ་གྲོས་འགོ་བཏོན་ནས་བཙུགས་པའི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང”ནང་རྒྱལ་ཁབ་80ལྷག་ཙམ་ཞུགས་ཡོད་པ་དང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་70ལྷག་ཙམ་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་དྲ་རྒྱ་མཉམ་དུ་བཙུགས་པ། ཀྲུང་གོས་ཕྱོགས་མང་གི་མཉམ་ལས་རོགས་ཟླ་དང་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་ནས་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་གྲངས་འབོར་ཆེན་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ཐོག་མར་འདོན་མཁན་ཡིན་ལ། གྲོས་འགོ་དོན་འཁྱོལ་བྱེད་མཁན་ཡང་ཡིན། གྲོས་འགོའི་སྒྲོམ་གཞིའི་འོག་ཀྲུང་གོ་ཕྱོགས་ཀྱིས“གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཐེབས་རྩ”རིམ་སྤོར་བྱས་པ་མ་ཟད། ད་དུང་མ་དངུལ་ཨ་སྒོར་དུང་ཕྱུར་40བར་མང་དུ་བཏང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རྣམ་གྲངས་མཛོད་བཙུགས་པའི་བསྡོམས་འབོར་1000ལྷག་ཙམ་ཟིན་པ་དང་། ལེགས་སྒྲུབ་ཟིན་པ་དང་ལག་བསྟར་བྱེད་བཞིན་པའི་རྣམ་གྲངས་500ལྷག་ཙམ་ཟིན་ཡོད། “རྒྱལ་ཁབ་གང་རུང་ཞིག་དང་མི་སུ་ཞིག་ཀྱང་རྗེས་ལུས་ཐེབས་སུ་མི་འཇུག་པ”ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་གྲོས་རིམ་གྱི་འབད་འཐབ་དམིགས་ཚད་ཡིན་ལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་རིན་ཐང་དོན་གཉེར་བྱེད་པ་ཞིག་ཀྱང་ཡིན། མོ་ཙམ་པི་ཁེའི་ཡུལ་གྱར་ཁྱིམ་ཚང་ལ་འཕྲལ་མཁོའི་དངོས་ཟོག་སྤྲད་པ་དང་། མོང་གོལ་རྒྱལ་ཁབ་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལ་རོགས་སྐྱོར་བྱས་པ། ནེ་པ་ལའི་བྱིས་པར་འབྲུ་རིགས་ཀྱི་རོགས་སྐྱོབ་བྱས་པ། ཨེ་ཅིབ་ཀྱི་ཡུལ་མིར་ཁྲོན་པ་འདྲུ་རོགས་བྱས་པ་སོགས་ཨེ་ཤེ་ཡ་ནས་ཨ་ཧྥེ་རི་ཁ་བར་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ནས་ཅ་ལ་པིའི་མཚོ་འགྲམ་བར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས་དམངས་ཚོགས་དེ་བས་མང་བར་ཕན་པ་སྐྲུན་བཞིན་ཡོད།

གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས“ཆུང་ཞིང་མཛེས་པ་དང་དམངས་འཚོར་ཕན་པའི”དངོས་སྒྲུབ་མཉམ་ལས་ཀྱི་རྣམ་གྲངས་རེ་རེར་བརྟེན་ནས་གོ་ལ་ཧྲིལ་པོའི་སྒོ་དབྱེའི་ལས་སྟེགས་བཏོད་པ་མ་ཟད། ད་དུང་དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། རིམས་ནད་སྔོན་འགོག་དང་རིམས་འགོག་སྨན་ཁབ། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས། བཟོ་ལས་ཅན། གྲངས་འཛིན་དཔལ་འབྱོར། ཕན་ཚུན་སྦྲེལ་མཐུད་བཅས་ཁྱབ་ཁོངས་གལ་ཆེན་བརྒྱད་ལ་དམིགས་ཏེ་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཐོན་ཁུངས་གྲབས་གསོག་བྱེད་པ། རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བཅས་བྱས་ནས་རྒྱལ་ཁབ་མང་པོའི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་སོགས་དང་མཉམ་ལས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཞོན་ནུའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་བཏོན་པ་དང་། “སྙིང་ཁམས་འཆར་གཞི”ལག་ལེན་བསྟར་ནས་སྙིང་དང་ཁྲག་རྩའི་ནད་གཞིའི་ཚན་ཁག་གི་སྨན་པ་དཀའ་བཅུ་པ་གསོ་སྐྱོང་བྱས་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྐུལ་སྤེལ་ལྟེ་གནས་ཀྱི་གསར་གཏོད་གསོ་སྦྱོང་རྟེན་གཞི་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཞོན་ནུའི་གཙོ་འཛིན་ཁྱིམ་གཞིས་བཙུགས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཞིབ་འཇུག་ཟབ་སྦྱོང་གི་མིང་སྐལ་ཁྲི་10མཁོ་འདོན་བྱས་པ་སོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དོ་སྣང་བྱེད་པ། ཤེས་ལྡན་པ་སྐྱེད་སྲིང་དང་གྲབས་གསོག་བཅས་བྱས་ཏེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ལམ་བུའི་ཐོག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད།

ཀྲུང་གོས་རྒྱལ་ཁབ་160ལྷག་ཙམ་ལ་འཕེལ་རྒྱས་ཐད་རོགས་སྐྱོར་བྱས་པ་དང་། རྒྱལ་ཁབ་100ལྷག་ཙམ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་མང་པོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། དམངས་འཚོ་ལེགས་སུ་གཏོང་བ་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བར་དང་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱེད་པ་ནས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པའི་བར་ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕྲད་པའི་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཉམས་མྱོང་དང་འཕེལ་རྒྱས་གྲུབ་འབྲས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་ཆེད་སྒུལ་ཤུགས་བསྣན་ཡོད།

དེང་སྐབས་ནི་འགྲན་སློང་གིས་ཁེངས་པའི་དུས་རབས་ཤིག་ཡིན་ལ། རེ་བས་ཁེངས་པའི་དུས་རབས་ཤིག་ཀྱང་ཡིན། གྲོས་འགོའི་ནང་བསྟན་པའི་ཁ་ཕྱོགས་གཞིར་བཟུང་། ཡིད་ཆེས་བརྟན་པོས་མདུན་སྐྱོད་བྱས་ཚེ། གོ་ལ་ཧྲིལ་པོ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་རོལ་དབྱངས་དཀྲོལ་ཐུབ་ངེས་རེད་ལ། མིའི་རིགས་འཕེལ་རྒྱས་ཀྱི་གྲུ་ཆེན་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པར་སྐུལ་འདེད་ཀྱང་གཏོང་ཐུབ་ངེས་རེད།

(ལྷ་དབང་གིས་བསྒྱུར། བསྟན་བློ་དང་སྐལ་མཆོག་གིས་ཞུས)