བོད་རང་སྐྱོང་ལྗོངས་ཀྱིས“སྐལ་བཟང་མེ་ཏོག་བྱ་སྤྱོད”ཀྱི་ཁྲེང་ཏུའི་ཆེད་དོན་འབྲེལ་
མཐུད་རིམ་སྤེལ་བྱེད་སྒོ་སྤེལ་བ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་དུ་ཡོད་པའི་ཁེ་ལས་ཀྱིས་མ་རྩའི་ཁྲོམ་ར་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱས་ཏེ་ཁྲོམ་རར་ཞུགས་རྒྱུའི་སྒོ་བྱང་འགེལ་བར་སྐུལ་འདེད་གཏོང་བ་དང་། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ཡག་པོ་བྱེད་པ། “སྐལ་བཟང་མེ་ཏོག་བྱ་སྤྱོད”ལ་རྒྱུན་ཆད་མེད་པར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་དང་། ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ལྷན་བོད་ལྗོངས་ལྟ་འདོམས་ཅུས། བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའུ། ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི“སྐལ་བཟང་མེ་ཏོག་བྱ་སྤྱོད”ཀྱི་འབྲེལ་མཐུད་ཆེད་དོན་རིམ་སྤེལ་བྱེད་སྒོ་ཁྲེང་ཏུར་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཁེ་ལས་ཁྲོམ་རར་ཞུགས་རྒྱུའི་དངུལ་རྩའི་རོགས་སྐྱོར་དང་། ཁེ་ལས་སྒྱུར་བཅོས་ཀྱི་མ་འཇོག་མཉམ་ལས། ཁེ་ལས་ཁྲོམ་རར་ཞུགས་རྒྱུའི་ལྗང་མདོག་བགྲོད་ལམ་སོགས་ཀྱི་སྲིད་ཇུས་བྱ་ཐབས་གཙོ་གནད་ཐོག་ངོ་སྤྲོད་དང་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང་བོད་ནང་ཁུལ་གྱི་ཁྲོམ་རར་ཞུགས་རྒྱུའི་ཁེ་ལས་ཀྱི་འཐུས་མིས་འབྲེལ་ཡོད་ཐོན་རྫས་སྲིད་ཇུས་ངོ་སྤྲོད་དང་ཁེ་ལས་ཀྱི་ཁྲོམ་རར་ཞུགས་རྒྱུའི་ཉམས་མྱོང་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་ནས་ཁེ་ལས་ཁྲོམ་རར་ཞུགས་པའི་བརྒྱུད་རིམ་དང་ཁྲོམ་རར་ཞུགས་འདོད་ཡོད་པའི་ཁེ་ལས་ཀྱི་ལས་ཀའི་གཙོ་གནད་ལ་གཞོགས་འདེགས་བྱེད་པ་སོགས་ཀྱི་ནང་དོན་གསལ་འགྲེལ་བྱས་པ་རེད།
བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“སྐལ་བཟང་མེ་ཏོག་བྱ་སྤྱོད”ཀྱིས་ས་གནས་དེ་གའི་ཁེ་ལས་སྐྱེད་སྲིང་དང་སྤུས་ལེགས་ཁེ་ལས་ནང་འདྲེན་གཉིས་ཟུང་འབྲེལ་བྱས་ཏེ། ཁེ་ལས་དེ་བས་མང་བ་བོད་དུ་འཕེལ་རྒྱས་དང་ཁྲོམ་རར་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་སྐུལ་ཁྲིད་བྱས་ཡོད། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ལ་ཞིབ་མཆན་འགོད་པའི་དོན་ཚན་ཉུང་ཤོས་དང་། ཞིབ་མཆན་འགོད་པའི་དུས་ཚོད་ཐུང་ཤོས། ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་ཤོས། ཞིབ་མཆན་འགོད་པའི་ཞབས་ཞུ་ཡག་ཤོས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་དེ་ཁེ་ལས་བོད་དུ་གནས་ཐུབ་པ་དང་། གཞིས་ཚུགས་ཐུབ་པ། འཕེལ་རྒྱས་ཡག་པོ་ཡོང་བ་བཅས་བྱེད་པ་དང་། ཀྲུང་དབྱང་གིས་སྤྲད་པའི་བོད་ཀྱི་ཁེ་ལས་ཁྲོམ་ཞུགས་ཀྱི“ལྗང་མདོག་བགྲོད་ལམ”སྲིད་ཇུས་གང་ལེགས་སྤྱད་དེ་སྲིད་ཇུས་མཐུན་སྦྱོར་འབྲེལ་མཐུད་དང་དྲིལ་བསྒྲགས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་ཕྱོགས་ཡོངས་དང་དུས་ཐོག་ཏུ་དོན་འཁྱོལ་བྱེད་པ། ལྷག་བསམ་རྣམ་དག་གིས་ཁེ་ལས་གནས་བཟོད་ཐུབ་པར་བྱེད་པ། དགོས་པ་དུས་སུ་སྨིན་པར་བྱེད་པ། ཁེ་ལས་སྐྱེད་སྲིང་དང་སྲིད་ཇུས་རོགས་སྐྱོར་གྱི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ། ཁེ་ལས་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཁེ་ལས་ཁྲོམ་རར་ཞུགས་རྒྱུར་རྨང་གཞི་ཡག་པོ་འདིང་བ་དང་ཁེ་ལས་འཕེལ་རྒྱས་དང་ཁྲོམ་རར་ཞུགས་པར་ཐབས་ལམ་ཡག་པོ་བཏིང་ནས“ལམ་ཀྱོག་ཏུ་མི་འགྲོ་བ”བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
(བདེ་སྐྱིད་དང་ཟླ་ཕུར་གྱིས་སྒྱུར་ཞུས་བྱས)