འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་དང་། མི་སྤྱི་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་བཅས་སྡེ་ཚན་ལྔས《རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》མཉམ་དུ་བཀྲམ་ཡོད། བསམ་འཆར་ནང་2025ལོར་སླེབས་སྐབས་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་80%ཡན་རིམ་པ་གཉིས་པའི་ཀ་པ་རིམ་པ་ཡན་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཆུ་ཚད་དུ་སླེབས་པའི་བརྩོན་ལེན་བྱ་རྒྱུ་དང་། རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་500ཙམ་རིམ་པ་གསུམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཆུ་ཚད་དུ་སླེབས་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་བཏོན་ཡོད།
སྨན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་བསམ་འཆར་ནང་ཀྲུང་ལུགས་གསོ་རིག་གི་ལེགས་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དོས་དྲག་མྱུར་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། ཚེ་སྲོག་གི་དུས་འཁོར་དང་འབྲེལ་ཐག་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཀྲུང་ལུགས་གསོ་རིག་དང་སྨན་དོན་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན་ཡོད།
བསམ་འཆར་ནང་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི“ཆེད་ལས་ཚན་ཁག་གཉིས་དང་ལྟེ་གནས་གཅིག”གི་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་ལེགས་ལྡན་ཆེད་ལས་ཚན་ཁག་དང་ཆེད་དམིགས་ནད་གཞི་སྨན་བཅོས་བྱེད་པར་དམིགས་ཏེ། ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་མངོན་གསལ་དོད་པ་དང་། ནད་ཐོག་སྨན་བཅོས་ཀྱི་ཕན་འབྲས་ལེགས་པ། གཞི་ཁྱོན་ངེས་ཅན་ལྡན་པ་བཅས་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ལྡན་ཆེད་ལས་ཚན་ཁག་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་དང་། ཆེད་དམིགས་ནད་གཞིའི་སྒོ་བསྟེན་སྨན་ཁང་ཁག་གཅིག་བསྐྲུན་རྒྱུ། དེ་བཞིན་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་དོས་དྲག་ཚན་ཁག་དང་། ནད་ལྕིའི་གསོ་རིག་ཚན་ཁག(ནད་ལྕི་ལྟ་སྐྱོང་ཁང) གློག་པར་ཚན་ཁག ཞིབ་དཔྱད་ཚན་ཁག་སོགས་ཀྱི་ཚན་ཁག་འཛུགས་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཉལ་ཁྲི་དང་སྨན་དོན་པ་བཀོད་སྒྲིག་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཡིན་པ་བཏོན་ཡོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)