འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཤིན།
རང་བརྟེན་ཞིབ་བཟོ་བྱས་པའི་ནུས་ཆེའི་འོད་ཤུགས་གློག་སྡོང་གསར་པ་ལས་ནུས་རྒྱུ་གསར་པ་བེད་སྤྱོད་བྱེད་ཚད་མཐོ་རུ་ཤུགས་ཆེན་འགྲོ་ཐུབ་པ་དང་། གསར་དུ་རིམ་སྤོར་བྱས་པའི་མི་མེད་གནམ་གྲུས་ལས་རྣམ་པ་སྣ་ཚོགས་ཀྱི་ཟོག་འགྲེམས་ཀྱི་དགོས་མཁོ་སྐོང་ཐུབ།
ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུས་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་འགྲིམ་འགྲུལ་ལག་རྩལ་དང་སྒྲིག་ཆས་འགྲེམས་སྟོན་འདུ་ཚོགས་སྐབས་བཅུ་དྲུག་པ་པེ་ཅིང་དུ་འཚོགས་ཤིང་། འགྲེམས་ཁུལ་ཆེན་པོ་ལྔའི་ནང་འགྲེམས་སྟོན་ཚོང་པ་90ཡིས་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་བརྒྱ་ལྷག་ཙམ་སྟོན་ནས། རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་བསམ་ཕྱོགས་གསར་པ་ཕྱོགས་ཡོངས་ནས་མངོན་ཡོད།
“ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱིས་གསར་གཏོད་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་འགྲིམ་འགྲུལ་སྒྲིག་ཆས་བཟོ་སྐྲུན་ལག་རྩལ་གྱི་ནུས་པ་མཐོ་རུ་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་བཏང་བས། རིག་ལྡན་ལྗང་མདོག་ལག་རྩལ་བཀོལ་སྤྱོད་རྒྱ་ཁྱབ་ཐུབ་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད”ཅེས་ཀྲུང་གོ་རྒྱལ་སྤྱིའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་གསར་གཏོད་དང་ཤེས་བྱའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲེང་ཧུའེ་ཡུས་ཀྱིས་བཤད།
གྲངས་འཛིན་ཅན་ལ་བརྟེན་ནས་རིག་ནུས་འགྲིམ་འགྲུལ་འཕེལ་རྒྱས་ལ་རམ་འདེགས་བྱས་ཤིང་། ཐེག་ཚད་ཆེ་ཤོས་སྤྱི་རྒྱ་1000ཟིན་པ་དང་མྱུར་ཚད་མགྱོགས་ཤོས་ཆུ་ཚོད་རེར་སྤྱི་ལེ་60ཟིན་པ་སོགས། ཅིང་ཏུང་ཟོག་འགྲེམས་འགྲེམས་སྟེགས་ཐོག་མི་མེད་སྡེབ་སྐྱེལ་རླངས་འཁོར་ཞིག་གིས་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག “རིག་ནུས་སྡེབ་སྐྱེལ་རླངས་འཁོར་དེ་རིགས་ལ་རིག་ནུས་དྲ་སྦྲེལ་དང་ཞིབ་ཚགས་པའི་ངེས་གནས་སོགས་ལག་རྩལ་འདུས་པ་དང་། ཤེས་ཚོར་དཔེ་དབྱིབས་ཆེན་པོ་ཡོད་པས་ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་འགྲོ་ཐུབ”ཅེས་ཅིང་ཏུང་ཟོག་འགྲེམས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
སྒྲིག་ཆས་ཆེན་པོས་ལྗང་མདོག་ལ་རམ་འདེགས་དང་ཅ་ལག་ཆུང་ངུ་ལྗང་མདོག་ལ་སྤྱོད་གོ་ཆོད་ཅིང་། ཏིར་ཏིར་འགྲེམས་ཁུལ་དུ་སྤྱི་སྤྱོད་གློག་སྒུལ་རྐང་འཁོར་ཞིག་ལས་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། “སྤྱི་སྤྱོད་རྐང་འཁོར་དེ་རིགས་ལ་ཡང་བའི་གློག་རྫས་དང་རམ་འདེགས་ཚོར་ཆས་འདུས་པས་རྐང་འཁོར་གཏོང་མཁན་གྱིས་མྱུར་ཚད་རན་པོ་ཞིག་གཏོང་སྐབས་གློག་ཤུགས་ངེས་ཅན་ཞིག་སླེབས་ནས་རྐང་འཁོར་གཏོང་བདེ་པོ་ཡོང་བ་མ་ཟད། ད་དུང་གློག་རྫས་གྲོན་ཆུང་བྱེད་ཐུབ”ཅེས་ཏིར་ཏིར་གྱི་འབྲེལ་ཡོད་འགན་འཁུར་བས་བཤད། (བསྟན་འཛིན་བཟང་མོས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)