《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年09月28日

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་ལྡན་པར་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པར་བསྐྱོད་རྒྱུར་སྐུལ་ལྕག་གནང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་སི་ཞུང་། དབྱང་ཝུན་མིང་། ཡེ་ཁྲོན་ཙེང་།

“མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བློ་ལ་བརྟན་པོར་ངེས་པ་དང་ཁྲག་རྒྱུན་ནང་མཉམ་འདྲེས་བྱས་ནས། མེས་རྒྱལ་གྱི་མངའ་ཁོངས་ས་ཆ་མཉམ་དུ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་ལྡན་པར་འགྱུར་བ་བྱེད་དགོས”ཞེས་ཟླ་9ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་ཏེ་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་ཆབས་ཅིག་ཐུགས་རེ་ནན་པོ་ཡང་བཅོལ་གནང་བ་རེད།

“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཕྲིན་ལན་སྤྲིངས་བྱུང”འཕྲིན་ལན་འབྱོར་རྗེས་ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཉིང་ཨེར་ཧ་ཉི་རིགས་དང་དབྱིས་རིགས་རང་སྐྱོང་རྫོང་གི་མི་རིགས་མཐུན་སྒྲིལ་གླིང་དུ་མི་རིགས་ཁག་གི་མང་ཚོགས་ཚོས་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ནས་མི་རིགས་མཐུན་སྒྲིལ་གྱི་དམ་འཇོག་རྡོ་རིང་མདུན་དུ་གླུ་ལེན་གར་འཁྲབ་ཀྱིས་མི་སེམས་འགུལ་བའི་དུས་དེར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད།

ཕུའུ་ཨེར་གྲོང་ཁྱེར་དུ་རྒྱ་རིགས་དང་། ཧ་ཉི་རིགས། དབྱིས་རིགས། ལ་ཧུའུ་རིགས། དབའ་རིགས། ཏའེ་རིགས་སོགས་མི་རིགས་26འཚོ་སྡོད་བྱེད་ཀྱི་ཡོད། 1951ལོའི་གནམ་ལོ་གསར་ཚེས་སྐབས་ཕུའུ་ཨེར་ཀྲོན་ཆུས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དམ་འཇོག་ཚོགས་ཆེན་འཚོགས་པ་དང་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར་དམ་འཇོག་རྡོ་རིང་བཙུགས་ཏེ“བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་མཐར་ཕྱིན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འདྲ་མཉམ་དང་། རང་དབང་། བདེ་སྐྱིད་བཅས་ལྡན་པའི་ཁྱིམ་ཚང་ཆེ་མོ་སྐྲུན་ཆེད་འབད་འཐབ་བྱེད་རྒྱུའི་དམ་བཅའ་འཇོག་གི་ཡིན”ཞེས་བརྗོད་ཅིང་། མི་རིགས་ཁག་གི་འཐུས་མི་48ཀྱིས་རྡོ་རིང་སྟེང་མིང་རྟགས་བཀོད་ཡོད། ཉེ་ཆར་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་གྱི་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཏང་གི་འགོ་ཁྲིད་འོག་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དམ་བཅའ་བློ་ལ་བརྟན་པོར་ངེས་ནས་ཏང་གི་རྗེས་སུ་འབྲངས་ཏེ་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་དར་རྒྱས་གོང་འཕེལ་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།

“ད་ཆའི་ཅིང་མའེ་རི་བོར་གཞུང་ལམ་དང་། ཆུ། གློག དྲ་རྒྱ་བཅས་ཤར་གཏོང་ཐུབ་པ་མ་ཟད། ཁྱིམ་ཚང་ཚང་མར་ཐོན་ལས་དང་ཡོང་འབབ་ཡག་པོ་ཡོད”ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་སུའུ་གོ་ཝུན་ནི་འཕྲིན་ཡིག་སྤྲིངས་མཁན་གྱི་གྲས་ཤིག་རེད། ལོ་81ལ་སླེབས་པའི་ཁོང་ལ་འཕྲིན་ལན་འབྱོར་རྗེས་སེམས་འགུལ་ཚད་མེད་ཐེབས་ནས་དགའ་ངུ་ཤོར་ཞིང“ང་ཚོར་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བ་འདི་ལྟ་བུ་སྐྱེལ་རྒྱུ་བྱུང་བ་ནི་ཏང་གི་འགོ་ཁྲིད་ཡོད་པས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་འཕྲིན་ལན་སྤྲིངས་གནང་བ་དེས་ང་ཚོའི་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་སོང”ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང“ལོ་70ལྷག་ཙམ་རིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་ཁ་ཏང་ལ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད”ཅེས་གསུངས་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་མཐའ་མཚམས་ས་ཁུལ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྐུལ་མ་ཆེན་པོ་ཐེབས་ཡོད”ཉིང་ཨེར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཆང་གིས་ཕྲག་སྟེང་དུ་འགན་འཁྲི་ལྕི་པོ་ཡོད་པ་ཚོར་ཏེ“ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ནས། མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་མ་གཏོང་གི་ཡིན”ཞེས་བཤད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་ཞིང་། མི་རིགས་ལྔ་བཅུ་ང་དྲུག་ནི་ཕན་ཚུན་མཛའ་ཞིང་བརྩེ་བའི་ཁྱིམ་ཚང་གཅིག་གི་མི་ཡིན་ཞེས་ནན་བཤད་གནང་བ་རེད”ཕུའུ་ཨེར་གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཏོན་ཏུང་མེ་ཡིས། ཕུའུ་ཨེར་གྲོང་ཁྱེར་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ། མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། “མི་རིགས་ཁག་ཁྱིམ་ཚང་གཅིག་གི་མི་ཡིན། ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་པའི”དད་སེམས་མཐའ་འཁྱོངས་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་མཉམ་དུ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་ལྡན་པར་འགྱུར་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།