འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། ཉེ་ཆར“ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་སྟོབས་ཆེན་གྱི་སྐད་ཡིག་རྨང་གཞི་བརྟན་དུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་སྐབས་ཉེར་བདུན་པའི་བྱེད་སྒོ་གཙོ་བོ་ཤིན་ཅང་ཁ་ཧྲེར་སྤེལ་བ་རེད།
སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཧུའེ་ཅིན་ཕུང་གིས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བྱས་ནས་སྐད་ཡིག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ཁྱབ་པར་བྱེད་པ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས་ཞེས་གསུངས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཚན་པའི་འཐུས་མི་དང་། ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་འཐུས་མི། ཤིན་ཅང་གི་དགེ་སློབ་ཀྱི་འཐུས་མི། ལས་རིགས་དང་མང་ཚོགས་ཀྱི་འཐུས་མི་བཅས་ཀྱིས་སློབ་གསོ་སློབ་ཁྲིད་དང་། གཞི་རིམ་རྩ་འཛུགས། ཁེ་ལས་ཚན་པའི་གསོ་སྦྱོང་། སློབ་གསོའི་ཤིན་སྐྱོར། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་མི་འདྲ་བར་ཕྱོགས་ནས་གཏམ་བཤད་སྤེལ་བ་རེད། སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་ཤིན་ཅང་ལ“སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་དཔེ་སྟོན་དཔེ་ཀློག་མཛོད”ཀྱི་གྲངས་འཛིན་ཐོན་ཁུངས་སྤྲད་པ་རེད།