《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月26日

རང་རྒྱལ་གྱི་རྨོ་ཞིང“བསྟུད་མར་ཐེངས་གསུམ་འཕར་བ”དེ་གང་ནས་བྱུང་བ་ཡིན་ནམ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ལི་པིན།

ཟླ་9ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2021ལོ་ནས་བཟུང་རང་རྒྱལ་གྱི་རྨོ་ཞིང་རྒྱ་ཁྱོན“བསྟུད་མར་ཐེངས་གསུམ་འཕར་བ”དང་མུའུ་ཁྲི་1758གཙང་འཕར་བྱུང་ནས། རྒྱལ་ཡོངས་ཀྱི་རྨོ་ཞིང་ལོ་མང་རིང་རྒྱུན་མཐུད་ཉུང་དུ་འགྲོ་བའི་རྣམ་པ་བཀག་འགོག་ཐུབ་ཡོད་པ་རེད།

འཕར་ཚད་དེ་ལས་སླ་པོ་ཞིག་མིན།

2021ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་ཞིང་། ལོ་དེར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ས་ཆའི“ལེགས་སྒྲིག་གསུམ”གྱི་གྲུབ་འབྲས་ལས་མངོན་པར། 2019ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་གི་གྲངས་འབོར་མུའུ་དུང་ཕྱུར་19.18ཟིན་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རྨོ་ཞིང་བདག་ཚད་ཀྱི་དམིགས་ཚད་མངོན་འགྱུར་བྱུང་མོད། འོན་ཀྱང་2009ལོར་ལེགས་སྒྲུབ་བྱས་པའི“ལེགས་སྒྲིག་གཉིས”དང་བསྡུར་ན་ལོ་བཅུའི་རིང་རྒྱལ་ཡོངས་ཀྱི་རྨོ་ཞིང་མུའུ་དུང་ཕྱུར་1.13ཉུང་དུ་ཕྱིན་ཡོད། 2021ལོ་ནས་བཟུང་རྒྱལ་ཡོངས་ཀྱི་རྨོ་ཞིང་བསྡོམས་འབོར་ཐེངས་དང་པོར་གཙང་འཕར་བྱུང་ཡོད།

རྨོ་ཞིང་མང་པོ་འདི་འདྲ་འཕར་བ་གང་ནས་བྱུང་བ་ཡིན་ནམ།

རྨོ་ཞིང་སྲུང་སྐྱོང་གི་ལམ་ལུཌ་ནན་ཤོས་ལས་བྱུང་ཡོད།

ཏང་ཀྲུང་དབྱང་གིས་གསལ་བསྒྲགས་ཡང་ཡང་སྤེལ་ཏེ། དོམ་ཁྲར་སྲུང་སྐྱོང་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོང་བྱེད་པ་དང་ཁྲིམས་འགལ་ངང་རྨོ་ཞིང་བཟུང་སྤྱོད་བྱས་རིགས་ཐར་པར་གཏན་ནས་མི་གཏོང་བར་རྨོ་ཞིང“ཞིང་ལས་ལ་མི་སྤྱོད་པ”དང“འབྲུ་འདེབས་མི་འདེབས་པའི”རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་རྨོ་ཞིང་སྲུང་སྐྱོང་གི་བླང་བྱ་རྒྱུན་ཆད་མེད་པར་ནན་དུ་བཏང་ནས་རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

ས་ཞིང་དོ་དམ་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ཟིན་ནས་ས་ནག་སྲུང་སྐྱོང་བཅའ་ཁྲིམས་དང་འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་སྔ་རྗེས་སུ་ལག་བསྟར་བྱས་པ་དང་། རྨོ་ཞིང་སྲུང་སྐྱོང་བཅའ་ཁྲིམས་དེ་ཁྲིམས་འཛུགས་འཆར་གཞིའི་ནང་དངོས་སུ་བཅུག་པ་ལ་སོགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་བའི་རྨོ་ཞིང་སྲུང་སྐྱོང་བཅའ་ཁྲིམས་མ་ལག་དང་སྤྱོད་གོ་ཆོད་པའི་བྱ་ཐབས་ནན་པོར་བརྟེན་ནས་རྨོ་ཞིང་སྲུང་སྐྱོང“ནན་པོ”ཡོང་བ་བྱས་ཡོད།

“འཆར་མང་གཅིག་སྒྲིལ”དང“གཉིས་སྒྲིལ་གཅིག་འགྱུར”ལས་བྱུང་བ།

2022ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“འཆར་མང་གཅིག་སྒྲིལ”གྱི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་འཆར་འགོད་རྩ་གནད་ཐོག་མ་བཀྲམ་ནས་ལག་བསྟར་བྱས་ཏེ། རྨོ་ཞིང་དང་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་བཅས་ཀྱི་ཚོད་འཛིན་ཚད་གཞི་གསུམ་སྤྱི་འདོམས་གཏན་འཁེལ་བྱས་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་རྨོ་ཞིང་སྲུང་སྐྱོང་དཔྱད་ཞིབ་དང་འབྲུ་རིགས་བདེ་འཇགས་དཔྱད་ཞིབ“གཉིས་སྒྲིལ་གཅིག་འགྱུར”བྱས་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར་དང་ལོ་རེར་དཔྱད་ཞིབ་རེ་བྱས་ནས། རྨོ་ཞིང་གི་དམར་ཐིག་ལས་བརྒལ་བ་སོགས་ཀྱི་གནད་དོན་གལ་ཆེན“སྤ་སེ་གཅིག་གིས་ཁྲུ་སློག”བཏང་ཡོད།

རྒྱལ་ཁབ་ས་ཆ་སླར་གསོ་དང་ས་ཞིང་བཅོས་སྒྲིག་བྱས་པ་ལས་བྱུང་བ།

རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་དང་རྒྱལ་ཁབ་རང་བྱུང་ཐོན་ཁུངས་སྤྱི་ཁྱབ་ལྟ་ཞིབ་པ་ཝང་ཀོང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་5ཡི་རིང་ཞིང་ཆེན་25ཡིས་ས་ཁོངས་ཧྲིལ་པོའི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་གི་ཚོད་ལྟ་1500ལྷག་ཙམ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་6700ལྷག་ཙམ་བཏང་བ། བཅོས་སྒྲིག་གི་སྤྱིའི་གཞི་ཁྱོན་མུའུ་ཁྲི་720ལྷག་ཙམ་ལེགས་སྒྲུབ་བྱས་པ། རྨོ་ཞིང་མུའུ་ཁྲི་66འཕར་བ། འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་མུའུ་ཁྲི་16ཉུང་དུ་ཕྱིན་པ་བཅས་རེད།

འཕར་བའི་རྨོ་ཞིང་གི་སྤུས་ཚད་གང་འདྲ་ཡོད་དམ།

རྨོ་ཞིང་མུའུ་ཁྲི་1758འཕར་བ་དེ་དག་སྤྱིར་ན་ཤོར་བའི་རྨོ་ཞིང་ཡག་པོ་དེ་དག་ལམ་སྲོལ་གསར་པའི་འོག་བརྟན་པོའི་ངང་སླར་གསོ་བྱུང་བ་ཤ་སྟག་རེད། དེའི་ནང“རི་སྟེང་རི་གཤམ་དུ་སྒྱུར་བར”སྐུལ་འདེད་ཏན་ཏིག་གཏོང་བ་ཚུད་ཡོད་ཅིང་། རྨོ་ཞིང་དེ་ཞིང་ཆུ་འདྲེན་པའི་ཆ་རྐྱེན་དེ་བས་ལེགས་པའི་རི་གཤམ་དུ་རིམ་བཞིན་ལེགས་སྒྲིག་བྱས་ནས་འབྲས་ཤིང་གི་སྡོང་ཕྲུག་རི་སྟེང་དུ་འདེབས་རྒྱུར་སྐུལ་འདེད་བཏང་སྟེ། རང་བྱུང་སྐྱེ་ཁམས་ཀྱི་ཆོས་ཉིད་དང་ཞིང་ལས་ཐོན་སྐྱེད་ཀྱི་ཆོས་ཉིད་དང་དེ་བས་མཐུན་པར་བྱས་ཡོད།

དེ་ནི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”ཐོག་ནས་འཕར་བ་ཞིག་རེད། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ལིའུ་གོ་ཧུང་གིས་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་2023ལོར་ལྷོ་ཕྱོགས་ཞིང་ཆེན་དུ་རྨོ་ཞིང་མུའུ་ཁྲི་739འཕར་ནས་རྨོ་ཞིང“ལྷོ་འཕྲི་བྱང་འཕར”གྱི་རྣམ་པར་འགྱུར་ལྡོག་ཕྱིན་པ་དམིགས་སུ་བཀར་ནས་ནན་བཤད་བྱས་པ་རེད། (ལྷག་ཚེས་བསྒྱུར། སྐལ་མཆོག་གིས་ཞུས)