འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཀོན།
ཟླ་9ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
“འདི་ལོ་ནས་བཟུང་། ཁྲལ་དོན་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲལ་རིན་ཡོང་འབབ་གསོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲལ་བསྡུའི་གྲངས་གཞི་ཆེན་པོར་བརྟེན་པ་དང་། གཟིགས་སྐྱོང་སྲིད་ཇུས་དང་སྤྱོད་འཐུས་རིག་ནུས་ཆ་སྒྲིག ཚོང་དུད(མི་ཐེངས)དུང་ཕྱུར་3.6ལ་སྲིད་ཇུས་གནད་སྨིན་ངང་ཁྱབ་གདལ་དང་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཁག་གི་ཆ་འཕྲིན་དུང་ཕྱུར་5.4ཁྱབ་གདལ་བཅས་བྱས་ཏེ་གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་ཡོང་བའི་འགན་ལེན་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་རིན་གཉིས་གཅོག་དང་དཔྱ་ཁྲལ་ཕྱིར་སློག་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.8ལྷག་ཙམ་ཟིན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་ཆེད་སྒུལ་ཤུགས་བསྣན་ཡོད”ཅེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རའོ་ལི་ཤིན་གྱིས་ངོ་སྤྲོད་བྱས།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་གཞུང་དོན་ཐིང་གི་ཀྲུའུ་རེན་ཧོང་ཡུན་གྱིས། ཁྲལ་བསྡུའི་གྲངས་གཞིའི་ཐོག་ནས་བལྟས་ཚེ། འདི་ལོ་ཚུན་དུ། གསར་གཏོད་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ་དང་། རྩེར་སོན་བཟོ་སྐྲུན་གྱི་བསྡུར་གྲངས་མཐོ་རུ་ཕྱིན་པ། ཁྲོམ་རའི་འཁོར་རྒྱུག་སྔར་བས་ཤར་བགྲོད་ཐུབ་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ། སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བཤད་པ་རེད།
ཧོང་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་མཇུག་འགྲིལ་བའི་2023ལོ་འཁོར་གྱི་ཁེ་ལས་ཀྱི་ཐོབ་ཁྲལ་སྤྲོད་ལེན་གཙང་རྩིས་ཀྱི་གྲངས་གཞིར་བལྟས་ཚེ། རྒྱལ་ཡོངས་སུ་ཁེ་ལས་ཁྲི་62.9ལ་ཞིབ་སྤེལ་འགྲོ་གྲོན་གྱི་སྣོན་རྩིས་འཕྲི་འཐེན་མ་དངུལ་སྒོར་དུང་ཕྱུར་ཁྲི་3.45ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད། སྲིད་ཇུས་དེ་ལག་ལེན་བསྟར་བ་ལས་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད་ལ་དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལའང་སྐུལ་མ་ཐེབས་ཡོད་པ་རེད། གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2023ལོར་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་40.5ལ་སྣོན་རྩིས་འཕྲི་འཐེན་མ་དངུལ་སྒོར་དུང་ཕྱུར་ཁྲི་2.83ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་དུས་མཚུངས་ལས་15.1%འཕར་ཡོད་པ་རེད། 2023ལོར་དམངས་གཉེར་ཁེ་ལས་ལ་སྣོན་རྩིས་འཕྲི་འཐེན་མ་དངུལ་སྒོར་དུང་ཕྱུར་ཁྲི་2.59ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་དུས་མཚུངས་ལས་12.5%འཕར་ནས་ཁེ་ལས་ཡོངས་ཀྱི་སྣོན་རྩིས་འཕྲི་འཐེན་མ་དངུལ་བསྡོམས་འབོར་གྱི་75%བཟུང་ཡོད་པ་རེད།
འདི་ལོ་ཚུན་དུ། ཁྲལ་དོན་སྡེ་ཚན་གྱིས“ལས་ཕྱོད་ཆེན་པོས་ལས་དོན་གཅིག་སྒྲུབ་པར”དམིགས་ནས། འགན་ནུས་གང་ལེགས་བཏོན་ཏེ་དྲ་ཐོག་དང་དྲ་ཕྱིའི་སྲིད་དོན་ཞབས་ཞུའི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྲལ་འཇལ་ཞབས་ཞུ་སིའི་སི་ཀྲང་ཧྲེན་ཤིན་གོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲལ་དོན་སྡེ་ཚན་གྱིས་ཕྱོགས་གཅིག་ནས་འགྲོ་ལུགས་གཉེར་བའི་གོ་རིམ་སྟབས་བདེ་རུ་བཏང་སྟེ“གྲངས་གཞི་གཅིག་སྡུད་དང་རིག་ནུས་སྔོན་གསབ་ཟུང་འབྲེལ”དང“ཁྲལ་རིགས་མཉམ་འགུལ་དང་ཆ་རྐྱེན་གསབ་སྣོན་ཟུང་འབྲེལ”གྱི་འདུན་ཞུའི་བྱེད་ཐབས་ལག་ལེན་བསྟར་ནས་ཁྲལ་འཇལ་བ་མང་ཆེ་བས་མནན་ཐེངས་གཅིག་ལ་གཏན་འཁེལ་བྱེད་པའམ་ཡང་ན་ཆ་འཕྲིན་ཉུང་ཤས་ཁ་གསབ་བྱས་ཚེ་འདུན་ཞུ་ལེགས་གྲུབ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ལས་སྒོ་གཅིག་སྡུད་ལ་སྐུལ་འདེད་བཏང་ནས་གློག་རྡུལ་ཁྲལ་དོན་ཅུས་གསར་པར་ཕྱོགས་བསྡུས་ཁྲལ་གཉེར་གྲོན་འཇལ་གྱི་ཐབས་ལམ་མང་པོ་བཏོད་དེ་ཁྲལ་རིན་གྱི་རིགས་མང་པོ་དང་ཐེངས་མང་གཉེར་དགོས་པའི་དོན་ཚན་དང་འབྲེལ་བ་ཡོད་རིགས་ཟླ་སྒྲིལ་བཏང་ནས་གཉེར་ཐེངས་གཅིག་གིས་ཆོག་པར་བཟོས་ཏེ་ཁྲལ་འཇལ་བ་དང་གྲོན་འཇལ་བའི་དགོས་མཁོ་ཏན་ཏིག་བསྐངས་ཡོད་པ་རེད།
མིག་སྔར་ཆ་རྐྱེན་འཛོམས་པའི་ཁྲལ་འཇལ་བ་ས་ཁོངས་བརྒལ་ནས་འགྲོ་ལུགས་སྒྱུར་མགྱོགས་ཤོས་སུ་ཉིན་དེ་རང་ལ་གཉེར་ཐུབ་ཀྱི་ཡོད་པ་རེད། འདི་ལོའི་ཟླ་3པར་ས་གནས་ཁག་གི་ཁྲལ་གཉེར་ཞབས་ཞུ་ཐིང་གིས“རྒྱང་ཁྲིད་རྟོག་བཟོའི་སྐར་ཁུང”ཚོད་ལྟའི་ངང་བཙུགས་ཏེ་ད་བར་ཁྲལ་འཇལ་བ་དང་གྲོན་འཇལ་བར་རྒྱང་ཁྲིད་ཀྱི་སྒོ་ནས་ས་ཁོངས་སྒྲོལ་བའི་ཁྲལ་བསྡུའི་ལས་སྒོ་ཁག་ཁྲི་16.4གཉེར་ཡོད་པ་རེད།
ཁྱིམ་ཚང་གི་བུ་བཙའ་གསོ་སྐྱོང་དང་རྒན་རྒོན་ལ་སྲི་ཞུ་སྒྲུབ་པའི་འགྲོ་སོང་གི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། རང་རྒྱལ་གྱིས་2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལོ་3མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་རྟོག་དང་། བུ་ཕྲུག་གི་སློབ་གསོ། རྒན་རྒོན་ལ་སྲི་ཞུ་བཅས་ཀྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་གྱི་ཚད་གཞི་མཐོ་རུ་བཏང་བ་རེད།
ཧྲེན་ཤིན་གོས། སྲིད་ཇུས་ཁྱབ་བསྒྲགས་བྱས་རྗེས་ཁྲལ་དོན་སྡེ་ཚན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པར་མགྱོགས་མྱུར་དམ་འཛིན་ཡག་པོ་བྱས་ཏེ་ཆ་འཕྲིན་མ་ལག་དུས་ཐོག་ཏུ་ལེགས་སྒྲིག་རིམ་སྤོར་བྱས་ཐོག ཁྲལ་འཇལ་བས་སྲིད་ཇུས་གསར་པ་ལྟར་འཕྲི་འཐེན་འདུན་ཞུའི་འགྲོ་ལུགས་གཉེར་བར་སྟབས་བདེ་བསྐྲུན་པ་མ་ཟད། འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་རྒྱག་པ་སོགས་བྱས་ནས་ཁྲལ་འཇལ་བས་འཕྲལ་མར་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད་ཅེས་བཤད་པ་རེད། འདི་ལོའི་ཟླ་6པའི་ཟླ་མཇུག་ཏུ་མཇུག་འགྲིལ་བའི་མི་སྒེར་གྱི་དཔྱ་ཁྲལ་སྤྲོད་ལེན་གཙང་རྩིས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོའི་ལོ་འཁོར་ལ་རྒྱལ་ཡོངས་ཀྱི་མི་ཁྲི་6700ཙམ་ལ་སྲིད་ཇུས་དེའི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་དཔྱ་ཁྲལ་ཆག་ཡང་གི་གཞི་ཁྱོན་སྒོར་དུང་ཕྱུར་700ལྷག་ཙམ་ཟིན་ཡོད་པ་རེད། དེའི་ནང་བུ་ཕྲུག་གི་སློབ་གསོ་དང་། རྒན་རྒོན་ལ་སྲི་ཞུ། ལོ་3མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་རྟོག་བཅས་ཀྱི་དཔྱ་ཁྲལ་ཆག་ཡང་གཏོང་ཚད་སྒོར་དུང་ཕྱུར་360དང་། སྒོར་དུང་ཕྱུར་290 སྒོར་དུང་ཕྱུར་50བཅས་སོ་སོར་ཟིན་ཡོད་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རའོ་ལི་ཤིན་གྱིས། དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་སྐོར་གྱི་བཀོད་སྒྲིག་དེ་དག་ནང་སླད་ཕྱིན་ལོ་5དང་ཐ་ན་དུས་ཡུན་དེ་བས་རིང་བའི་ནང་ཁྲལ་དོན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་འགན་ཡི་གེ་དང་འཆར་འགོད་ཁ་གསལ་བཏོན་ཡོད། དེས་ན་རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་དོན་ཁྱབ་ཁོངས་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་ནན་ཏན་བཟོ་བ་དང་། སྒྱུར་བཅོས་དོན་འཁྱོལ་གྱི་འཆར་འགོད་དང་དུས་ཚོད་རེའུ་མིག་རེ་རེ་བཞིན་ཁ་གསལ་བཟོས་ཏེ། ཁྲལ་དོན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ནན་ཏན་ཉན་ནས་སྒྱུར་བཅོས་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
(ཚེ་བརྟན་སྒྲོལ་དཀར་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)