ཟླ་9ཚེས་18ཉིན། ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་ཐེན་ཉིང་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་རྣམ་པ་གསར་རྐྱང་གི་གཅིག་སྡུད་སློབ་ཁྲིད་གྲ་སྒྲིག་ཚོགས་འདུ་ཞིག་འཚོགས་པ་རེད།
“དེང་རབས་ཅན་གྱི་ངོ་བོ་ནི་མིའི་དེང་རབས་ཅན་དང་། འབྱོར་འབྲིང་གི་ཕུགས་འདུན། རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་ཡིན་ཞིང་། དེ་དག་མཐར་གཏུགས་ནས་བཤད་ན་མི་སེར་གྱི་བདེ་སྐྱིད་ཀྱི་ཕུགས་འདུན་རེད”ཅེས་ཐེན་ཉིང་ཆུས“ཉི་མ་མེ་ཏོག”གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་རུ་ཁག་གི་སྒྲོག་འགྲེལ་པ་16གིས་ཐད་གཏོང་བརྙན་ཤེལ་ལ་བལྟས་ནས་རིམ་བཞིན་སློབ་ཁྲིད་གྲ་སྒྲིག་དང་སྒྲོག་འགྲེལ་བྱེད་ཀྱི་ཡོད།
“ཉི་མ་མེ་ཏོག”སྒྲོག་འགྲེལ་རུ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམིགས་ནས་འཚོགས་པའི་གཅིག་སྡུད་སློབ་ཁྲིད་གྲ་སྒྲིག་ཚོགས་འདུ་ཐེངས་གཉིས་པ་དེའང་རེས་སྐོར་གཉིས་པའི་སྒྲོག་འགྲེལ་བྱེད་འགོ་ཚུགས་པ་ཞིག་རེད། སློབ་ཁྲིད་གྲ་སྒྲིག་ཚོགས་འདུ་འཚོགས་རྗེས། སྒྲོག་འགྲེལ་པས་གཟའ་འཁོར་གཅིག་གི་དུས་ཚོད་སྤྱད་དེ་འཐུས་སྒོ་ཚང་དུ་གཏོང་བ་དང་། དེ་རྗེས་མང་ཚོགས་ཁྲོད་སྒྲོག་འགྲེལ་བྱེད་པར་བསྐྱོད་ཀྱི་ཡོད་ལ། སྒྲོག་འགྲེལ་བརྙན་ལམ་དག་དྲ་ཐོག་ལས་སྟེགས་སུ་དུས་གཅིག་ཏུ་བཏང་ནས“AIདཔྱད་འདེམས་པས”སྒྲོག་འགྲེལ་གྱི་ཕན་འབྲས་རྒྱུན་མཐུད་རྗེས་སྙེག་ངང་བསྡུ་རུབ་བྱེད་པ་དང་འབྲེལ་སྐར་མ་ཡང་རྒྱག་གི་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ཁྱབ་པར་བྱ་ཆེད། ཅང་སུའུ་ཡི་སྒྲོག་འགྲེལ་བྱེད་སྒོ་དྲ་ཐོག་དང་དྲ་ཕྱི་གཉིས་ཀར་དུས་གཅིག་ཏུ་སྤེལ་ཞིང་། ཟླ་9ཚེས་23ཉིན་བར། དྲ་ཕྱིར་རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་4580སྒྲིག་འཛུགས་ཀྱིས་སྒྲོག་འགྲེལ་བྱེད་སྒོ་ཐེངས་6612སྤེལ་བར་མི་ཐེངས་ཁྲི་86.2ལ་ཐད་ཀར་ཕན་པ་ཐོབ་ཡོད། དྲ་ཐོག་ཏུ“ཅང་སུའུ་ཞིང་ཆེན་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་མཉམ་སྐྲུན་མཉམ་སྤྱོད་ལས་སྟེགས”ལ་བརྟེན་ནས་གྲགས་ཅན་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་དྲ་ཐོག་སྒྲོག་འགྲེལ་ཐེངས་8བྱས་པར་ལྟ་མཁན་མི་ཐེངས་ཁྲི་1191.8ཟིན་ཡོད།
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སུའང་སྒྲོག་འགྲེལ་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།
“མངོན་མིན་རིག་གནས་ཤུལ་བཞག་དང་མི་རིགས་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ཚེ་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་ལའང་སྐུལ་འདེད་གཏོང་ཐུབ” ཟླ་9ཚེས་19ཉིན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པའི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ(རིགས་གཅིག་མཁས་ཅན)མོང་ཤན་ཕིང་ཧོ་ཀྲོའུ་གྲོང་ཁྱེར་ཀྲུང་ཧྲན་རྫོང་ལེང་ཨན་ཡའོ་རིགས་ཤང་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཡོད་ཅིང་། ཁོང་གིས་ལེང་ཨན་ཡའོ་རིགས་ཤང་བཙུགས་ནས་ལོ་40འཁོར་བའི་གླེང་གཞི་ནས་འགོ་བཙུགས་ཏེ་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་དང་མི་རིགས་རིག་གནས་དང་ཟུང་འབྲེལ་གྱིས་རིག་གནས་ཀྱི་ལམ་སྲོལ་དང་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་དང་དེ་ལས་ཐོབ་པའི་འཕེལ་རྒྱས་ཀྱི་གོ་སྐབས་དོན་ཟབ་གོ་བདེའི་ངང་སྒྲོག་འགྲེལ་བྱས་པ་རེད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཟླ་8པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱིས་འགོ་ཁྲིད་ལས་བྱེད་པ་30སྐོང་འཐེན་བྱས་ནས་ཀོང་ཤིས་ཀྱི་ས་གནས་ཁག་དང་། ཁོངས་གཏོགས་ཁག ཚན་པ་ཁག་བཅས་སུ་བསྐྱོད་ནས་གཅིག་སྡུད་སྒྲོག་འགྲེལ་ཐེངས་30བྱས་པ་དང་། ཟླ་9པར་དམིགས་བསལ་གདན་ཞུའི་དགེ་རྒན་ཆེ་མོ་བ(རིགས་གཅིག་མཁས་ཅན)100ཙམ་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་ཁག་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)སུ་བསྐྱོད་ནས་སྒྲོག་འགྲེལ་ཐེངས་100བྱས་པ། ཟླ་10པར་ད་དུང“རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་ཡོང་བར་ང་ཡིས་འབད”ཅེས་པའི་སྒྲོག་འགྲེལ་ཚོགས་པ་དང“00ནང་སྐྱེས་ཀྱིས་ལོ་བརྒྱའི་སྐོར་གླེང་བ”ཞེས་པའི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་གཞོན་ནུའི་ཚོགས་སྤྱིར་སྒྲོག་འགྲེལ་བྱ་རྒྱུ་རེད། ཆུས་བཙུགས་པའི་གྲོང་ཁྱེར་ཁག་གིས་རང་སྐྱོང་ལྗོངས་ཀྱི་བྱེད་སྟངས་ལ་གཞིགས་ཏེ་འཇོན་ཐང་ཆེ་བའི་མི་བདམས་ནས་གཞི་རིམ་དུ་སྒྲོག་འགྲེལ་བྱ་རྒྱུ་རེད།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱ་ཆེད། ཧུའུ་པེ་ཞིང་ཆེན་གྱིས་སྒྲོག་འགྲེལ་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས“གཞུང་ལུགས་ཧུའུ་པེར་དྲིལ་བསྒྲགས་བྱེད”ཅེས་པའི་སྒྲོག་འགྲེལ་བྱ་སྤྱོད་སྤེལ་བ།
“སློབ་སྐྱོར་ཚོགས་པའི་གཅེན་པོ་དང་གཅེན་མོས་ང་ལ་རེ་བ་སྦྱིན་བྱུང་བས། ངས་ཀྱང་ཁོང་ཚོའི་རྗེས་སུ་འབྲངས་ཏེ་ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་དུ་ཡོང་བ་ཡིན”ཞེས་ཟླ་9ཚེས་20ཉིན་ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་ནན་ཧུའུ་སློབ་ཁུལ་གྱི་དམག་སྦྱོང་ལུས་རྩལ་ཐང་ཆེན་དུ་ཧུའུ་པེ་ཞིང་ཆེན་གྱི་00ནང་སྐྱེས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་2023ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་སུའུ་ཀྲེང་མིང་གིས་རང་ཉིད་ཀྱི་སློབ་གཉེར་ཉམས་མྱོང་དང་ཟུང་འབྲེལ་ཀྱིས་སློབ་གྲྭར་སླེབས་མ་ཐག་པའི་གཅུང་པོ་དང་གཅུང་མོ་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་དགའ་བསུ་ཆེན་པོ་ཐོབ་ཡོད།
“གཞུང་ལུགས་ཧུའུ་པེར་དྲིལ་བསྒྲགས་བྱེད”ཅེས་པའི་སྒྲོག་འགྲེལ་བྱ་སྤྱོད་ནང་གུང་གཞོན་སྡེ་ཚོགས་ཧུའུ་པེ་ཞིང་ཨུད་ཀྱིས་གཞོན་ནུའི་སྒྲོག་འགྲེལ་ཚོགས་པ་དཔེར་ན། 00ནང་སྐྱེས་ཀྱི་སྒྲོག་འགྲེལ་ཚོགས་པ་དང“སློབ་སྦྱོང་གི་སྤྲོ་སྣང་། ལང་ཚོའི་ཉམས་འགྱུར”ཞེས་པའི་སྒྲོག་འགྲེལ་ཚོགས་པ་སོགས་སྒྲིག་འཛུགས་བྱེད་པར་སྣང་ཆེན་བྱས་ཏེ་གཞོན་ནུའི་སྐད་ཆར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡག་པོ་བརྗོད་ཡོད། ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་ཁྲིམས་ལུགས་རིག་པའི་ཆེད་ལས་ཀྱི་2024ལོའི་དངོས་གཞིའི་ཚན་ཁག་གི་སློབ་མ་ལེང་མིང་ཅིང་མེ་ཡིས“གཅེན་པོ་ཚོའི་སྒྲོག་འགྲེལ་བརྒྱུད་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་བྱུང་ལ། ངའི་འབད་འཐབ་ཀྱི་སྤྲོ་སེམས་ཀྱང་འཕེལ་བྱུང”ཞེས་བཤད།
ཀོང་ཏུང་ཞིང་ཆེན་གྱི་སྒྲོག་འགྲེལ་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་དང་ས་ཆ་ཁག་གཅིག་གིས་ཀྱང་སྒྲོག་འགྲེལ་ཁྲོད་གཞོན་ནུའི་སྟོབས་ཤུགས་ཧུར་ཐག་བསྣན་པ།
“ང་རང་མྱུར་དུ་གྲོང་ཁྱེར་འདིའི་ཆ་ཤས་ཤིག་ཏུ་གྱུར་ནས་འདི་གའི་རིག་གནས་ལ་སྣང་ཆེན་བྱས་ཏེ་ཀོང་ཀྲོའུ་བ་གསར་པ་ཞིག་ནས་ཀོང་ཏུང་རོལ་དབྱངས་ཀྱི་རྒྱུན་འཛིན་པར་གྱུར་སོང”ཞེས་ཟླ་9ཚེས་12ཉིན་ཀོང་ཀྲོའུ་གྲོང་ཁྱེར་གཡོད་ཤིའུ་ཆུས་ཀྱི“དུས་རབས་གསར་པ། གཞོན་ནུས་གླེང་བ”ཞེས་པའི་སྒྲོག་འགྲེལ་བྱེད་སྒོ་གཞོན་ནུ་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་དྲན་གསོ་ཁང་དུ་གཉེར་ཞིང་། སྒྲོག་འགྲེལ་པ་ལི་ཅུན་ཤིས་ཀྱིས་ཏམ་བུ་རའི་རོལ་དབྱངས་དཀྲོལ་བ་དང“རོལ་དབྱངས་དང་སྒྲོག་འགྲེལ”ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་སྒྲོག་འགྲེལ་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་དུ་བཏང་ཡོད།
ཧུད་ཀྲོའུ་གྲོང་ཁྱེར་གྱིས“བུད་མེད”སྒྲོག་འགྲེལ་ཚོགས་པ་དང“རྒན་གྲས་ལྔའི”སྒྲོག་འགྲེལ་ཚོགས་པ་སོགས་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པ་དང་ད་དུང“ཁ་གསངས་བའི་མི་སེར”དང་། “ཀུན་སྤྱོད་དཔེ་བཟང” “ཉེ་འགྲམ་གྱི་མི་བཟང”སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)སུ་བཅའ་སྡོད་བྱས་ཏེ“ཉེ་འགྲམ་གྱི་དོན་དག”ལ་བརྟེན་ནས“ལྡོག་མེད་ཀྱི་གནས་ལུགས”ལ་གསལ་འགྲེལ་བྱས་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
(པད་ཆོས་ཀྱིས་བསྒྱུར། བསྟན་བློས་ཞུས)