ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། “གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི“ཐེན་ཧྲན་ལྷོ་བྱང་དུ་གླུ་གསར་ལེན་པའི”གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རྟེན་མཛོད་ཁང་དུ་སྤེལ་འགོ་ཚུགས་པ་རེད། ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་ལས་རིགས་སྨྱན་སྦྱོར་གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་200ཙམ་ཤིན་ཅང་དུ་བཅར་འདྲིར་བསྐྱོད་དེ། ཟུར་ངོས་མང་པོ་དང་ཀུན་འདུས་སྨྱན་སྦྱོར་གྱི་ཐོག་ནས་ཤིན་ཅང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་མགྱོགས་པོ་གཏོང་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་གླེང་རྒྱུ་རེད།
ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་མཉམ་དུ་གཉེར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་སྟེ། རིམ་ཁག་སྨྱན་སྦྱོར་སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་ནང་སོག་དང་། ཉིང་ཞ། ཀོང་ཤིས། བོད་ལྗོངས། ཤིན་ཅང་བཅས་སུ་བརྟག་ཞིབ་དང་བཅར་འདྲིར་བསྐྱོད་དེ་ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་བཀྲག་མདངས་འཚེར་བའི་གྲུབ་འབྲས་དྲིལ་བསྒྲགས་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་རྒྱུ་རེད།
ད་ཐེངས་ཀྱི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་སྤེལ་རིང་། བཅར་འདྲི་ཚོགས་པས་ལམ་ཐིག་4ལ་དབྱེ་ནས་ཤིན་ཅང་གི་ས་ཁུལ་དང་ཀྲོའུ་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་ཧྲི་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་དེ་བཅར་འདྲི་དང་གནས་ཚུལ་གཏོང་སྤེལ་བྱས་ནས། ཐེན་ཧྲན་ལྷོ་བྱང་གིས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཤིན་ཅང་གི་ལེའུ་རྩོམ་པའི་རྣམ་པ་གསར་རྐྱང་ཕྱོགས་ཡོངས་ནས་མངོན་པར་བྱེད་རྒྱུ་རེད།
(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)