ཉེ་ཆར། དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་བདུན་པ་འཚོགས་ཤིང་། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ཐོག“ཏུན་ཧོང་གི་ཉམས་འགྱུར”ལྡན་པའི་འཁྲབ་སྟོན་སྒྱུ་རྩལ་གྱིས་ལྟད་མོ་བ་མང་པོའི་ཡིད་དབང་འཕྲོག་ནས་ཟློས་གར་ཁང་དུ་བསྐྱོད་དེ་དར་གོས་ལམ་བུའི་ཐོག་གི་གནའ་གྲོང་ཏུན་ཧོང་གི་ལོ་ངོ་སྟོང་གི་ལོ་རྒྱུས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་ཉམས་ལེན་གཏིང་ཟབ་བྱས་པ་རེད། འདི་ནི་འཁྲབ་སྟོན་པས་འཁྲབ་ཚན《ཕྱག་སྟོང་སྤྱན་སྟོང》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་ཏུན་ཧོང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་བདུན་པ་ཚེས་21ཉིན་ཏུན་ཧོང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་50ཡི་སྐུ་མགྲོན་800ལྷག་ཙམ་གྱིས“གོ་ལ་ཧྲིལ་པོར་ཤེས་དཔལ་གྲོས་འགོ་ལག་བསྟར་བྱེད། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྐད་ཆ་ཤོད་རེས་བྱས་ཏེ། དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་གཅིག་ཏུ་སྒྲིལ་བ་བཅས་བྱས་པ་རེད།
ལོ་2000ལྷག་ཙམ་གོང་གནའ་བོའི་དར་གོས་ལམ་བུ་བཏོད་པ་དེས་ཤར་ཕྱོགས་དང་ནུབ་ཕྱོགས་དབར་གྱི་སྤེལ་རེས་ལ་སྐུལ་མ་ཐེབས་ཡོད། “དར་གོས་ལམ་བུའི་མགྲིན་པ”ལྟ་བུའི་ཏུན་ཧོང་དུ་སྣ་མང་ཤེས་དཔལ་གཅིག་ཏུ་འདུས་ཤིང་མཉམ་འདྲེས་བྱུང་ཡོད།
ཀྲུང་ཕྱིའི་སྐུ་མགྲོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཞོལ་བའི་རྒྱལ་ཁབ་དང་ས་ཁུལ་དུ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཤེས་དཔལ་མི་འདྲ་བར་ཕན་ཚུན་བརྩི་འཇོག་དང་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་བ་དེས་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་ཡིད་ཆེས་དང་བསྟུན་མཁས་བྱེད་ཚད་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)