《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月24日

ཟླ་དང་པོ་ནས་བརྒྱད་པའི་བར་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྤྱིའི་རིན་ཐང་6%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་28.58ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་16.45ཟིན་ནས་6.9%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་12.13ཟིན་ནས་4.7%འཕར་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་མུ་མཐུད་ལེགས་ཕྱོགས་སུ་འཕེལ་ཞིང་། ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་གློག་རྡུལ་སྒྲིག་ཆས་དང་སྐྱེལ་འདྲེན་སྒྲིག་ཆས་སོགས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་གྲངས་གནས་གཉིས་ཟིན་ཡོད།

ཚོང་དོན་བྱེད་སྟངས་ནས་བལྟས་ན། ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་སྤྱིར་བཏང་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་18.46ཟིན་ནས་4.6%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་64.6%བཟུང་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.82ཟིན་ནས་8%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་7.64ཟིན་ནས་0.1%འཕར་ཡོད། དུས་མཚུངས་སུ་ལས་སྣོན་ཚོང་དོན་ཐད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.04ཟིན་ནས་4.1%འཕར་བ་དེས་17.6%བཟུང་ཡོད།

ཚོང་དོན་རོགས་ཟླའི་ངོས་ནས་བལྟས་ན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་མནའ་འབྲེལ། ཨ་རི། ཧན་གོ་བཅས་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་འཕར་ཞིང་། ཟླ་དང་པོ་ནས་བརྒྱད་པའི་བར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་རང་རྒྱལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་། རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4.5ཟིན་ནས་10%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་15.7%བཟུང་ཡོད། དུས་མཚུངས་སུ་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་13.48ཟིན་ནས་7%འཕར་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)