《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月21日

གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་མཁན་སྡེ་ཚན་13གྱིས་གནམ་གཤིས་ཀྱི་འགྱུར་ལྡོག་དང་འཚམ་པའི་བདེ་ཐང་གི་བྱ་སྤྱོད་ཇུས་གཞི་མཉམ་དུ་ཁྱབ་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་ཁྱད་ཆོས་སུ་བྱས་པའི་གནམ་གཤིས་ལ་འགྱུར་ལྡོག་ཤུགས་ཆེན་འགྲོ་བ་དང་བསྟུན་ནས། གནམ་གཤིས་ཧ་ཅང་ངན་པོའི་རྐྱེན་གྱིས་བཟོས་པའི་དོན་རྐྱེན་ཇེ་མང་དང་ཇེ་སྡུག་ཏུ་ཕྱིན་ཏེ་མིའི་རིགས་ཀྱི་བདེ་ཐང་ལ་ཉེན་ཁ་བཟོ་བཞིན་ཡོད། ཟླ་9ཚེས་18ཉིན་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་སོགས་སྡེ་ཚན་13གྱིས《རྒྱལ་ཁབ་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་དང་འཚམ་པའི་བདེ་ཐང་གི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2030ལོའི་བར)》ཡོངས་བསྒྲགས་བྱས་ཏེ། 2025ལོར་སླེབས་སྐབས་སྡེ་ཚན་མང་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་བདེ་ཐང་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པའམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། 2030ལོར་སླེབས་སྐབས་གནམ་གཤིས་འགྱུར་ལྡོག་དང་བདེ་ཐང་གི་འབྲེལ་ཡོད་སྲིད་ཇུས་དང་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱེད་དགོས་ལུགས་བཏོན་ཡོད། དེ་ཐོག་ནས་རང་རྒྱལ་གྱིས་ཆེད་དོན་བྱ་སྤྱོད་སྤེལ་ཏེ་གནམ་གཤིས་ཀྱི་འགྱུར་ལྡོག་དབང་གིས་མི་སེར་གྱི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོ་བར་སྔོན་འགོག་དེ་བས་ལེགས་པ་བྱ་རྒྱུ་ཡིན་པ་མཚོན་ཡོད།

གནམ་གཤིས་ཀྱི་འགྱུར་ལྡོག་འོག་བདེ་ཐང་དང་འཚམ་པའི་ཆུ་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་སམ། ཇུས་གཞིར་བྱ་སྤྱོད་ཀྱི་གཙོ་གནད་ལས་འགན་ཁག་10བཀོད་སྒྲིག་བྱས་པའི་ནང་གནམ་གཤིས་འགྱུར་ལྡོག་དང་བདེ་ཐང་གི་ཉེན་ཁ་འགོག་ཟོན་དང་ཕྱོགས་བསྡུས་ཐེ་གཏོགས་ནུས་པ་ཆེ་རུ་གཏོང་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཕྲོད་བསྟེན་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། བདེ་ཐང་དང་སྤྱི་པའི་འཕྲོད་བསྟེན་མ་ལག་གི་གནམ་གཤིས་ཀྱི་མཉེན་ཤུགས་ཆེ་རུ་གཏོང་རྒྱུ། གནམ་གཤིས་ཀྱི་འགྱུར་ལྡོག་དང་བདེ་ཐང་དང་འཚམ་པའི་ཚན་རྩལ་གསར་གཏོད་བྱེད་མགྱོགས་སུ་གཏོང་རྒྱུ། གནམ་གཤིས་ཀྱི་འགྱུར་ལྡོག་དང་བདེ་ཐང་དང་འཚམ་པའི་གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།

ཞིབ་འཇུག་ལས་མངོན་པར། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་ཉེན་ཁར་ས་ཁོངས་རང་བཞིན་མངོན་གསལ་དོད་པོ་ལྡན་པས། གོ་ཆོད་ནུས་ལྡན་གྱི་འཚམ་མཐུན་བྱ་སྤྱོད་ཀྱིས་རྒྱལ་ཁབ་དང་ས་ཁུལ་ལ་འཕྲད་པའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་དང་ཉེན་ཁ་ཆུང་དུ་གཏོང་ཐུབ། དེའི་ཐད་རང་རྒྱལ་གྱིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་དང་། འཕྲོད་བསྟེན་བདེ་ཐང་། ཁོར་ཡུག ཆུ་བེད། གནམ་གཤིས་སོགས་སྡེ་ཚན་གྱི་སྲིད་ཇུས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ས་ཁུལ་གཙོ་བོ་དང་ཁྱབ་ཁོངས་གཙོ་བོའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་འཚམ་པའི་བདེ་ཐང་དང་སྤྱི་པའི་འཕྲོད་བསྟེན་སྲིད་ཇུས་དང་ཕྱོགས་བསྡུས་ཐེ་གཏོགས་བྱ་ཐབས་འདོན་རྒྱུ་ཡིན་པ་རེད།

(སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)