ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
འབྲོག་ཁུལ་དང་། གྲོང་ཚོ། སློབ་གྲྭ་སོགས་སུ་བསྐྱོད་ཅིང་། ཉིན་ཤས་བསྟུད་མར་ནང་སོག་དང་། ཧྲང་ཧའེ། ཀྲེ་ཅང་། ཧྲའན་ཤིས་བཅས་ས་གནས་ཁག་གི་སྒྲོག་འགྲེལ་ཚོགས་པས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད། རིགས་དབྱེ་དང་ཚོགས་དབྱེ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སེམས་སུ་ཟུག་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
ནང་སོག་གིས་ཏང་གི་སློབ་གྲྭ་དང་དེ་བཞིན་མཐོ་སློབ་ཀྱི་དགེ་རྒན་དང་། མི་སེར་གྱི་སྒྲོག་འགྲེལ་རྐང་འཛིན་པ། ཨུ་ལན་མུའུ་ཆིའི་རུ་མི་སོགས་ལས་གྲུབ་པའི“རིགས་པའི་གཞུང་ལུགས་སློབ་སྦྱོང་གི་རྟ་དམག་ཧྲག་པོའི”སྒྲོག་འགྲེལ་ཡན་ལག་རུ་ཁག་1400ལྷག་ཙམ་བཙུགས་ཏེ“གཞི་རིམ་བཅོས་སྐྱོང”དང“གྲོང་གསེབ་དར་རྒྱས”སོགས་བརྗོད་དོན་གཙོ་བོར་དམིགས་ནས་གྲོང་གསེབ་དང་འབྲོག་ཁུལ་དང་། ཁྲོམ་གཞུང་དང་སྡེ་ཁུལ། ཁེ་ལས་དང་སློབ་གྲྭ་བཅས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།
ཟླ་9ཚེས་11ཉིན་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཤིན་པར་ཧུའུ་ཙུའོ་ཆི་རུ་གནས་པའི་ཧན་ཏ་ཀའེ་མཐའ་མཚམས་མངགས་གཏོང་ཁང་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། “རིགས་པའི་གཞུང་ལུགས་སློབ་སྦྱོང་གི་རྟ་དམག་ཧྲག་པོའི”སྒྲོག་འགྲེལ་ཡན་ལག་རུ་ཁག་དེས་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་དོན་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད། སྒྲོག་འགྲེལ་པ་པའེ་ཞའོ་ཅིང་གིས“ང་ཚོས་སྒྲོག་འགྲེལ་རུ་ཆུང་མང་པོ་བཙུགས་ནས་གཞི་རིམ་དུ་བསྐྱོད་དེ‘སྒྲོག་འགྲེལ་དང་རིག་རྩལ’དང‘སྒྲོག་འགྲེལ་དང་དང་བླངས་ཞབས་ཞུ’སོགས་ཀྱི་བྱེད་ཐབས་བརྒྱུད་རྩྭ་ཐང་སྟེང་ཁ་ཐོར་དུ་གནས་པའི་རྒྱ་ཆེའི་འབྲོག་པར་སྒྲོག་འགྲེལ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་འབྲོག་པ་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། ཧྲང་ཧའེ་ཡིས་འགོ་ཁྲིད་ཀྱིས་སྒྲོག་འགྲེལ་དང་མང་ཚོགས་ཀྱིས་སྒྲོག་འགྲེལ་བྱེད་པ་དང་། རིགས་གཅིག་མཁས་པས་སྒྲོག་འགྲེལ་དང་གཞོན་ནུས་སྒྲོག་འགྲེལ་བྱེད་པ། དྲ་ཐོག་སྒྲོག་འགྲེལ་དང་དྲ་ཕྱིའི་སྒྲོག་འགྲེལ་སྤྱི་འདོམས་གང་ཐུབ་བྱས་ཏེ་ལངས་གཟུགས་ཅན་གྱི་སྒྲོག་འགྲེལ་བྱེད་སྟངས་ཆགས་པ་རེད། ཟླ་9ཚེས་14ཉིན་ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་ཅུས་ཡོན་ཁུལ་གསར་གྱིས་ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་སྭེལ་སྐྱུར་ཚྭ་ཞིབ་འཇུག་སུའོ་ཡི་མྱོང་རོལ་རྣམ་པའི་སྒྲོག་འགྲེལ་རྟེན་གཞིར་ཁོངས་གཏོགས་ཁུལ་གྱི་ཚན་ཞིབ་མི་སྣ་སོགས་ལ་ཕྱོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མྱོང་རོལ་རྣམ་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་རེད།
ཅ་ཏིང་ཆུས་ཅུས་ཡོན་ཁུལ་གསར་ཅ་པང་སྡེ་ཁུལ་གྱི་ལས་མི་ཀུའུ་ཙེ་དབྱང་གིས“སྒྲོག་འགྲེལ་ལ་རིགས་པའི་གཞུང་ལུགས་ཡོད་པ་དང་། ལག་ལེན་ཡོད་པ། ཚན་རྩལ་ཤེས་བྱ་ཡོད་པ། ཚན་རིག་མཁས་ཅན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བཅས་ཡོད་སྟབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ངོ་བོ་སློབ་སྦྱོང་དང་གོ་བ་ལེན་ཐུབ་པ་མ་ཟད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཚན་རིག་མཁས་ཅན་གྱིས་མེས་རྒྱལ་བློ་ལ་འཆང་བ་དང་འབད་འབུངས་ལྷོད་མེད་བྱེད་པའི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་ཡང་བྱེད་ཐུབ”ཅེས་བཤད་པ་དང་སྒྲོག་འགྲེལ་བྱེད་རིང་གི་མཐོང་རྒྱ་གསར་པ་དང་མྱོང་ཚོར་གྱིས་རང་ཉིད་ཀྱིས་འགན་འཁྲི་སྔར་བས་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་ཕན་ཐོགས་ཡོད།
ཉེ་ཆར། ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་གིས་མཉམ་དུ་གཉེར་བའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན“ཀྲེ་ཅང་youngའཆད་སྟེགས”ཀྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་དེ་ཀྲེ་ཅང་ནོར་དཔལ་སློབ་ཆེན་དང་ཀྲེ་ཅང་དཔལ་འབྱོར་ཚོང་དོན་ལས་རིགས་ལག་རྩལ་སློབ་གླིང་དུ་གཅིག་རྗེས་གཉིས་མཐུད་སྤེལ་བ་རེད། ན་གཞོན་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པ་10ཡིས་ཆོབ་ཚ་ལ་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་བྱས་པ་བརྒྱུད་སློབ་མ་ཚོར་གཞན་དང་མི་འདྲ་བའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དེ་ཁྲིད་པ་རེད།
ཀྲེ་ཅང་ནོར་དཔལ་སློབ་ཆེན་ཝུན་ཧྭ་གསར་གཏོད་སློབ་གླིང་ནོར་ཁྲལ་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ལུའུ་ཁྲེན་དབྱིར་སྒྲོག་འགྲེལ་གྱི་བག་ཆགས་ཟབ་མོ་བྱུང་ཡོད། ཁོང་གིས“ན་གཞོན་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པས་རང་ཉིད་ཀྱི་རྒྱུན་གཏན་ལས་དོན་ནས་འགོ་བཙུགས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་བརྗོད་བྱ་གཙོ་བོ་དེར་དམིགས་པ་དང་སྒྲོག་འགྲེལ་བརྒྱུད་རིམ་བདེ་བླག་བྱུང་བ་མ་ཟད། ད་དུང་ང་ཚོ་དང་སྤེལ་རེས་ཀྱང་བྱས་ཡོད། ང་སྒྲོག་འགྲེལ་བྱེད་སྟངས་དེ་རིགས་ལ་ཧ་ཅང་དགའ་པོ་ཡོད”ཅེས་བཤད་པ་རེད།
མིག་སྔའི་བར། ཀྲེ་ཅང་གིས“བརྒྱད་ཅུ་དགུ་བཅུའི་རྗེས་སྐྱེས”དང“00རྗེས་སྐྱེས”ཀྱི་དུས་རབས་གསར་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་དང་། “གཏམ་ལ་རྒྱུ་མཚན་ཡོད་པ་དང་བློ་སྒོ་ཡངས་པའི”སྒྲོག་འགྲེལ་ཚོགས་པ། “བརྒྱད་བརྒྱད་འཐབ་ཇུས”ཀྱི་འབུམ་རམས་པའི་སྒྲོག་འགྲེལ་ཚོགས་པ་བཅས་ཀྱི་ནུས་པ་བཏོན་ནས་གནས་སྡོད་རྣམ་པ་དང་། མཉམ་འགུལ་རྣམ་པ། ཡུལ་རྣམ་སོགས་ཀྱི་སྒྲོག་འགྲེལ་རྣམ་པའི་ཐོག་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་གཞི་རིམ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བས་རྫོང(གྲོང་ཁྱེར་དང་ཆུས)དུ་ཁྱབ་ཚད་100%ཟིན་ཡོད་པ་རེད།
ཉེ་ཆར། ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་པེ་ལིན་ཆུས་སློབ་ཆེན་ལྷོ་ལམ་སློབ་ཆུང་ཀྲུའུ་ཆུའེ་ཡན་ལག་སློབ་གྲྭའི་སྙན་སྒྲོན་ཚོམས་ཆེན་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་མཁན་ཧྲའན་ཤིས་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཡན་ལེན་ཕུའུ་ཡིས་པེ་ལིན་ཆུས་སློབ་གསོ་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་འཐུས་མིར་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད།
ཉིན་ཤས་བསྟུད་མར་ཧྲའན་ཤིས་ཀྱིས་ཞིང་ཨུད་སྒྲོག་འགྲེལ་ཚོགས་པ་དང་རིགས་གཅིག་མཁས་ཅན་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་ཚོགས་རིགས་དབྱེ་བ་དང་། ངོ་ཐུག་གདོང་འཕྲད། མཉམ་འགུལ་བཅས་ཀྱི་ཐོག་ནས་སྒྲོག་འགྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་ཁྲི་2.1ལྷག་ཙམ་བྱས་པར་སྒྲོག་འགྲེལ་དང་ལེན་བྱེད་མཁན་མི་ཐེངས་ཁྲི་200ལྷག་ཙམ་ཟིན་ཡོད་པ་རེད། (བསོད་བདེ་ཆེ་བས་བསྒྱུར། དམ་ཆོས་ཀྱིས་ཞུས)