ཟླ་9ཚེས་5ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་ནས་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཚང་མ་དང་ཕྱོགས་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་ཀྱི་འབྲེལ་བར་རིམ་སྤོར་བྱས་པ་དང་། ཀྲུང་ཧྥེའི་འབྲེལ་བའི་སྤྱི་ཡོངས་ཀྱི་ངེས་གནས་དེ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་བར་རིམ་སྤོར་བྱས་པ། ཀྲུང་ཧྥེ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བའི་གཞུང་དྲང་ལུགས་མཐུན་དང་། སྒོ་དབྱེ་གཉིས་ཕན། མི་དམངས་གོང་བཀུར། སྣ་མང་བསྟུན་མཁས། སྐྱེ་ཁམས་མཐུན་འཕྲོད། ཞི་བདེ་བདེ་འཇགས་བཅས་ཀྱི་དེང་རབས་ཅན་ལ་གསལ་འགྲེལ་གཏིང་ཟབ་གནང་བ་དང་འབྲེལ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་དོན་གཉེར་དང་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུ་དེ་ནི་ཕྱོགས་གཉིས་པོས་རང་སོ་སོའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གདམ་ག་གལ་ཆེན་བྱས་པ་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།
ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུར་བརྩི་བ་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་དང་ལམ་སྲོལ་གལ་ཆེ་ཤོས་ཤིག་ཡིན། གླེང་སྟེགས་བཙུགས་ནས་ལོ་24ཡི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་ཕན་ཚུན་གྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་བརྟེན་ནས་ཀྲུང་ཧྥེའི་མི་སེར་དུང་ཕྱུར་མང་པོར་བདེ་སྐྱིད་བསྐྲུན་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱ་འཕྲད་མ་མྱོང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་པས་ཀྲུང་ཧྥེའི་འཕེལ་རྒྱས་ལ་ཐུན་མོང་གི་གོ་སྐབས་དང་འགྲན་སློང་འཕྲད་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཚང་མ་དང་ཕྱོགས་གཉིས་པོའི་འབྲེལ་བ་འཐབ་ཇུས་ཀྱི་འབྲེལ་བར་རིམ་སྤོར་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་སྤྱི་ཡོངས་ནས་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་བར་ངེས་གནས་མཐོ་རུ་བཏང་བས་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་མུ་མཐུད་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་གྲལ་དུ་བསྐྱོད་རྒྱུར་སྣེ་ཁྲིད་ཐུབ་ནས་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་ཐོབ་ངེས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཀྲུང་ཧྥེའི་རོགས་ཟླའི་འབྲེལ་བ་ནི་གོ་ལ་ཧྲིལ་པོའི་ལྷོ་ལྷོ་མཉམ་ལས་ཀྱི་ཀ་རྟེན་ལྟ་བུ་ཡིན་པས་ཀྲུང་ཧྥེས་ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཏོད་ཐུབ་ཅེས་གསུངས་པ་རེད།
མིག་སྔར་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཨ་ཧྥེ་རི་ཁས་ཀྱང་གོ་རྟོགས་གསར་པ་སད་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》ནང་བཀོད་པའི་དེང་རབས་ཅན་གྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་ཧྥེས་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱས་ཚེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སུ་དེང་རབས་ཅན་གྱི་ཚ་རླབས་ཤིག་འཕྱུར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་རྐྱང་ཞིག་བརྩམས་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་དྲང་གཞག་ལུགས་མཐུན་དང་། སྒོ་དབྱེ་གཉིས་ཕན། མི་དམངས་གོང་བཀུར། སྣ་མང་བསྟུན་མཁས། སྐྱེ་ཁམས་མཐུན་འཕྲོད། ཞི་བདེ་བདེ་འཇགས་བཅས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཚུལ་བཏོན་པ་དང་། དེང་རབས་ཅན་གྱི་འཕེལ་རྒྱས་ཆོས་ཉིད་གསལ་སྟོན་བྱས་ཡོད་པ་དེ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ་དང་། ཀྲུང་ཧྥེའི་ཐུན་མོང་གི་འདུ་ཤེས་མཚོན་ཡོད་ལ་ཕྱོགས་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པས། ཀྲུང་ཧྥེ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་འདུ་ཤེས་ཀྱི་ཁྲིད་སྟོན་ཐུབ་ནས་འཛམ་གླིང་དེང་རབས་ཅན་ལ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་རྒྱུར་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཡོད།
ཀྲུང་ཧྥེས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་མིའི་རིགས་ཡོངས་ཡར་ཐོན་ཡོང་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་28ལྷག་ཙམ་བློ་ཁ་གཅིག་མཐུན་བྱུང་ཚེ་དེང་རབས་ཅན་གྱི་ལམ་བུའི་ཐོག་འོད་སྟོང་མཉམ་དུ་གཏོད་ཐུབ་པ་དང་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ཤོག་དྲིལ་རི་མོ་གསར་རྐྱང་ཞིག་འབྲི་ཐུབ་ནས་འཛམ་གླིང་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་ཕྱོགས་སུ་བསྐྱོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་ཐུབ་ངེས་རེད།
(བསོད་བདེ་ཆེ་བས་བསྒྱུར།དམ་ཆོས་ཀྱིས་ཞུས)