འདི་ག་ཚགས་པར་ཁང་དུ་ནན་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ཅང་སུའུ་ལན་ཡུན་ཀང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྤྱི་བདེའི་ནང་སྲིད་པུའུ་ཀྲང་གི་ཐུག་འཕྲད་ལམ་སྲོལ་གྱི་ཚོགས་འདུ་ཐོག་མ་འཚོགས་ཤིང་། རྒྱལ་དོན་ཨུ་ཡོན་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་ཞུགས་པ་མ་ཟད་གཙོ་དོན་གཏམ་བཤད་ཀྱང་བྱས་པ་རེད།
ཝང་ཞའོ་ཧུང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོ་ནི་ལས་དབང་གཅིག་མཐུན་གྱི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་རེད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་དང་མཉམ་དུ་ལག་གདང་མཉམ་སྦྲེལ་གྱིས་དེ་བས་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་དེས་ང་ཚོས་ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ནས་སྤྱི་བདེའི་ནང་སྲིད་པུའུ་ཀྲང་གི་ཐུག་འཕྲད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། བདེ་འཇགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་པ་དང་། ལྟ་རེས་སྐྱོང་རེས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་གཙོ་གནད་ཀྱི་བདེ་འཇགས་ཁྱབ་ཁོངས་སུ་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་གི་འཕེལ་རྒྱས་དམིགས་ཚད་ལ་གཞིགས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་གལ་ཆེན་གྱི་བདེ་འཇགས་འགན་ལེན་བྱེད་པ། ཡོངས་ཁྱབ་ཀྱི་བདེ་འཇགས་ཀྱི་འདོད་འདུན་ལ་དམིགས་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་དེ་བཞིན་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཐུན་མོང་ཁྱིམ་གཞིས་ཀྱི་ཕུགས་འདུན་བསྲུངས་ནས་ཕན་འབྲས་ཆེ་ལ་དངོས་སྒྲུབ་ཀྱི་མཉམ་ལས་ལས་སྟེགས་བཏོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་དགོངས་དོན་དང《ཤིས་ཨན་བསྒྲགས་གཏམ》དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རམ་འདེགས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
ཚོགས་འདུའི་ཐོག་ཕྱོགས་ཁག་གི་འཐུས་མི་ཚོགས་པའི་ཚོགས་གཙོས་གཏམ་བཤད་སྤེལ་ནས་འབྲེལ་ཡོད་ཀྱི་མཉམ་ལས་ཡིག་ཆར་མཉམ་དུ་མིང་རྟགས་བཀོད་པ་རེད། (བསྟན་འཛིན་བཟང་མོས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)