《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月13日

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་བའི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན་པ།

ཧོ་དབྱིན།

“ཁོང་ཀོ་དང་ཀྲུང་གོ་ཕྱོགས་གཉིས་དབར་ཕན་ཚུན་སྤུན་གྲོགས་ལྟར་བརྩེ་བ་ཟབ་པ་དང་མཛའ་འབྲེལ་སྲ་བརྟན་ཟོལ་མེད་ཡིན། འདྲ་མཉམ་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེན་པོ་ལས་བྱུང་བའི་ཕྱོགས་གཉིས་པོའི་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱུང་ཡོད” “མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྤུན་ཟླ་ལྟ་བུའི་བརྩེ་བ་ལྡན་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ནི་ལྷག་བསམ་ཟོལ་མེད་དང་དམ་པ་དོན་གཉེར་ཞིག་ཡིན”“སེ་ཧྲེར་དང་ཀྲུང་གོའི་མཛའ་གྲོགས་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་རྨང་གཞིར་བྱས་པ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཡག་པོ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད”……ཀྲུང་གོར་2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་སྐད་ཆ་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་པ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་རྒྱུའི་བསམ་འདུན་བཟང་པོའང་མངོན་ཡོད།

ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་གྲོགས་པོ་ངོ་མ་དང་གྲོགས་པོ་བཟང་པོ་ཡིན་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་གཙོ་གནད་ནི་ཟོལ་མེད་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དེ་རེད། ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། ཨ་ཧྥེ་རི་ཁ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་མཉམ་དུ་འདུས་པའི་སྐམ་ས་ཆེ་མོ་ཡིན་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་དང་མཉམ་ལས་གཉིས་ཕན་གྱི་ཁེ་ཕན་གཅིག་མཐུན་ཚོགས་པ་ཞིག་རེད། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་འགོ་འཛུགས་ས་ནི་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡིན་ལ། གཙོ་གནད་ཀྱི་རྨང་གཞི་ནི་ཐོག་མཐའ་བར་གསུམ་དུ་ཟོལ་མེད་འདྲ་མཉམ་དང་། གཉིས་ཁེ་གཉིས་ཕན། དྲང་བདེན་དྲང་གཞག སྒོ་དབྱེ་བསྟུན་མཁས་བཅས་ཡིན།

ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འཕེལ་རྒྱས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གཞོལ་གྱི་ཡོད་ཅིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་གང་ལེགས་བྱས་ཏེ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཐུན་མོང་ཐོག“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”དང“བྱ་སྤྱོད་ཆེན་པོ་བརྒྱད”“འདུ་འགོད་ཁག་དགུ”ལག་ལེན་བསྟར་བ་དང་། ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་། ཞིང་ལས་དེང་རབས་ཅན། ཤེས་ལྡན་པ་སྐྱེད་སྲིང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཀྲུང་ཧྥེའི་མཉམ་ལས་དེ་ཆུ་ཚད་དེ་བས་མཐོ་བ་དང་། རིམ་པ་དེ་བས་ཟབ་པ། ཁྱབ་ཁོངས་དེ་བས་ཡངས་པ་བཅས་ཀྱི་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་རེད། ཀྲུང་གོས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པའི“ཤར་སྐྱོད་འགྲོ་ལམ”བསྐྲུན་པ་དང་། རྒྱུད་འདྲེས་ཆུ་འབྲས་དང་། སྲན་ཆེན། སྔོ་ཚལ་འདེབས་འཛུགས་སོགས་ཀྱི་ཐད་ཨ་ཧྥེ་རི་ཁར་གཞོགས་འདེགས་བྱས་ནས་འབྲུ་རིགས་རང་བརྟེན་ཐུབ་པར་བྱས་ཡོད། དེས་ན། ཐན་ཙན་ནི་ཡའི་ཙན་ཅི་པར་གྱི་ཙུང་ཐུང་མུའུ་ཝེ་ཉིས། ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་བརྗོད་པ་རེད།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དབར་མ་གཞི་ནས་སེམས་ཐག་ཉེ་བའི་སྣང་བ་ཡོད་ཅིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་རྨང་གཞི་དང་ཁྲག་རྩ་ལྟ་བུ་ནི་མི་དམངས་ལ་རག་ལས་པར་བརྟེན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ཡོང་བར་མི་དམངས་ལ་དེ་བས་ཁ་ཕྱོགས་དགོས་པ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་ཧྥེའི་ན་གཞོན་མཉམ་སྤྲོའི་འདུ་ཚོགས་དང་། རིག་མཛོད་གླེང་སྟེགས། མཉམ་འབྲེལ་ཞིབ་འཇུག་སྤེལ་རེས་འཆར་གཞི་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་གཉེར་ཞིང་། “འདུ་འགོད་ཁག་དགུའི”སྒྲོམ་གཞིའི་འོག“མི་ཆོས་རིག་གནས་སྤེལ་རེས་འདུ་འགོད”རྣམ་གྲངས་གཉེར་ནས་ཁོང་ཀོ (ཅིན) སྒྱུ་རྩལ་རིག་གནས་ལྟེ་གནས་དང་ཨར་ཅི་རི་ཡའི་གླུ་གར་ཁང་གི་ལག་རྩལ་རོགས་སྐྱོར་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། “ཀྲུང་ཧྥེའི་མཐོ་སློབ་ཀྱི་སློབ་གྲྭ་བརྒྱའི་མཉམ་ལས་འཆར་གཞི”དང་ལུའུ་པན་བཟོ་ཁང་སོགས་ཀྱིས་ཨ་ཧྥེ་རི་ཁའི་ཤེས་ལྡན་པ་སྐྱེད་སྲིང་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད། སྤེལ་རེས་དང་མཉམ་ལས་བྱེད་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཕན་ཚུན་ཤེས་རྟོགས་བྱེད་ཚད་དང་མཛའ་གྲོགས་ཟབ་ཏུ་རྒྱུན་ཆད་མེད་པར་སོང་ཞིང་། ཁེན་ནི་ཡའི《མི་རིགས་ཚགས་པར》ཐོག་གནས་ཚུལ་སྤེལ་བའི་ནང་། ཨ་ཧྥེ་རི་ཁར་ཀྲུང་གོ་ལ་དམངས་ཚོགས་དེ་བས་མང་བའི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་དང་ཨ་ཧྥེ་རི་ཁའི་དམངས་ཚོགས་ཀྱིས“ཀྲུང་གོ་ནི་ཕན་ཚུན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བའི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་འཁོད་ཡོད་པ་རེད།

ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ནུས་ལྡན་ཞིག་ཡིན་པ་མ་ཟད་ལྷོ་ལྷོ་མཉམ་ལས་ཀྱི་དར་ཆ་ཞིག་ཀྱང་ཡིན། 2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་དེ་གོ་སྐབས་གལ་ཆེན་དུ་བྱས་ནས་ཀྲུང་གོས་ཨ་ཧྥེ་རི་ཁར་འཛིན་པའི་ཟོལ་མེད་མཛའ་མཐུན་སྲིད་ཇུས་ཀྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་མུ་མཐུད་རྒྱུན་འཁྱོངས་ཀྱིས་ཨ་ཧྥེ་རི་ཁ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་སྐྱོད་པ་དང་། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བཙུགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་བའི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)