《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月13日

རང་རྒྱལ་གྱི་ཁེ་ལས་རྭ་གཅིག་མའི་གྲངས་འབོར་375བར་མང་དུ་སོང་བ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་2024ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས—རྭ་གཅིག་མའི་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། 2016ལོ་ནས་2023ལོའི་བར་རང་རྒྱལ་གྱི་ཁེ་ལས་རྭ་གཅིག་མའི་གྲངས་འབོར་131ནས་375བར་མང་དུ་སོང་བ་དང་ཁེ་ལས་རྭ་གཅིག་མའི་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར་5000ཙམ་ནས་ཨ་སྒོར་དུང་ཕྱུར་ཁྲི་1.2ལྷག་ཙམ་བར་འཕར་ཡོད་པ་རེད།

གླེང་སྟེགས་སུ་ཡོངས་བསྒྲགས་བྱས་པའི《ཀྲུང་གོའི་ཁེ་ལས་རྭ་གཅིག་མའི་འཕེལ་རྒྱས་རྗེས་འདེད་སྙན་ཞུ》ལས་མངོན་པར། 2016ལོ་ནས་2023ལོའི་བར་རང་རྒྱལ་གྱི་ཁེ་ལས་རྭ་གཅིག་མའི་འགྲན་ལམ་དེ་22ནས་39བར་མང་དུ་སོང་བ་དང་རྣམ་པ་གསར་གཏོད་ཀྱིས་གཙོ་བོར་བྱེད་པ་དེ་ལག་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པའི་བར་རིམ་གྱིས་གྱུར་ཡོད། སྙན་ཞུའི་ནང་ད་དུང་མངོན་པར། རྩེར་སོན་ཚན་རྩལ་ཁྱབ་ཁོངས་ཀྱི་ཁེ་ལས་རྭ་གཅིག་མའི་གྲངས་འབོར་དེ་2016ལོའི་35ནས་2023ལོའི་249བར་མང་དུ་སོང་བ་དང་། 2023ལོར་ཁེ་ལས་རྭ་གཅིག་མ་94ཡིས་PCTཡི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཁག་1157རེ་འདུན་ཞུས་པ་དང་རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་ལ་ཞུགས་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།

སྙན་ཞུའི་ནང་མངོན་པར། 2016ལོ་ནས་2023ལོའི་བར་རིམ་རྩིས་བརྒྱབ་ན་ཞིང་ཆེན་22ལ་ཁེ་ལས་རྭ་གཅིག་མ་ཐོན་པའི་ཁྲོད་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་བཅས་ཀྱི་ཁེ་ལས་རྭ་གཅིག་མའི་གྲངས་འབོར་མུ་མཐུད་མདུན་གྲལ་དུ་སླེབས་པ་དང་། ཁེ་ལས་རྭ་གཅིག་མ་ཁྱབ་པའི་གྲོང་ཁྱེར་16ནས་56བར་མང་དུ་སོང་སྟེ། པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ཀོང་ཀྲོའུ། ཧང་ཀྲོའུ་བཅས་ནི་ཁེ་ལས་རྭ་གཅིག་མ་གཅིག་སྡུད་བྱ་ཡུལ་གཙོ་བོ་དེ་ཡིན་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། བསྟན་བློས་ཞུས)