ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་རྒྱལ་ཡོངས་ཁྲིམས་ཁང་གི་བོད་སྐྱོར་དང་ཤིན་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུར་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཤིན་སྐྱོང་གི་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཡོངས་ཀྱི་ཁ་གཏད་ཤིན་སྐྱོར་ལས་དོན་ཚོགས་འདུ་ཐེངས་དགུ་པའི་བཀོད་སྒྲིག་དོན་འཁྱོལ། རོགས་སྐྱོར་བྱ་ཡུལ་ཁྲིམས་ཁང་གི་དོན་དངོས་དང་ཟུང་འབྲེལ། འགག་རྩར་དམ་འཛིན་དང་གནད་སྨིན་ཤུགས་འདོན་བཅས་བྱས་ནས་མི་དམངས་ཁྲིམས་ཁང་གི་ཁ་གཏད་བོད་སྐྱོར་དང་ཤིན་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག མི་དམངས་ཁྲིམས་ཁང་གི་ཁ་གཏད་བོད་སྐྱོར་དང་ཤིན་སྐྱོར་ལས་དོན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་ཏེ་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རོགས་སྐྱོར་ལས་དོན་གྱི་དོན་སྙིང་ལ་ངོས་འཛིན་བྱེད་པ་དང་འདྲི་གཅོད་ལག་བསྟར་གྱི་འགན་འཁྲི་དང་ལས་དོན་གཙོ་བོར་དམིགས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་ལྟར་ཤིན་སྐྱོང་གི་བླང་བྱ་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འདྲི་གཅོད་ལས་སྒོ་དང་། ཤེས་ལྡན་པའི་རིག་སྟོབས། སློབ་གསོ་གསོ་སྦྱོང་། རིག་གནས་འཚོ་བ། ཆ་འཕྲིན་ཅན་འཛུགས་སྐྲུན། དངོས་ཟོག་སྒྲིག་ཆས་བཅས“ཟུང་འབྲེལ་དྲུག”གི་རོགས་སྐྱོར་བཀོད་པར་མུ་མཐུད་དམ་འཛིན་ཏན་ཏིག་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་རོགས་སྐྱོར་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བོད་དང་ཤིན་ཅང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།