《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月13日

རྒྱ་མཚོའི་རླུང་འཚུབ་དྲག་པོ“མོ་ཅེའི”སྤྲིན་རྒྱུད་ལྷག་འཕྲོའི་ཤུགས་རྐྱེན་དབང་གིས།

ཧའེ་ནན་དང་ཀོང་ཤིས་སོགས་སུ་ཞོར་ཐོན་གནོད་འཚེར་སྔར་བཞིན་འགོག་ཟོན་བྱེད་དགོས་པ།

འདི་ནི་ཟླ་9ཚེས་10ཉིན་ཀོང་ཤིས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲུང་ཙུའོ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཅིན་ལུང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཅིན་ལུང་གྲོང་རྡལ་ལུང་ཏི་གྲོང་ཚོར་སློབ་མ་གནས་སྤོ་བྱེད་བཞིན་པ།

འདི་ནི་ཟླ་9ཚེས་10ཉིན་ལྷོ་ཕྱོགས་གློག་དྲ་ཀོང་ཏུང་ཆིང་ཡོན་ལེན་ཀྲོའུ་གློག་འདོན་ཅུས་ཀྱིས་ཀྲན་ཅང་ཞུས་ཝུན་གེགས་སེལ་གློག་བཟོའི་མི་སྣར་མྱུར་བཟོའི་སྒྲིག་ཆས་དབོར་རོགས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱ་མཚོའི་རླུང་འཚུབ་དྲག་པོ“མོ་ཅེའི”སྤྲིན་རྒྱུད་ལྷག་འཕྲོའི་ཤུགས་རྐྱེན་ཕོག་ནས་ཚེས་10ཉིན་གྱི་ཉིན་མོར་ཡུན་ནན་གྱི་ལྷོ་རྒྱུད་དང་། ཀོང་ཤིས་ཀྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་མང་པོར་ཆར་པ་ཆེན་པོ་བབས་པའམ་ཡང་ན་དྲག་ཆར་བབས་པ་དང་ཀོང་ཤིས་ཧྥང་ཁྲེང་གྲུ་ཁའི་ས་ཆ་ཁ་ཤས་ལ་དྲག་ཆར་ཆེན་པོ་བབས་ཡོད། ཚེས་10ཉིན་གྱི་ཆུ་ཚོད་18ཙམ་ལ་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཆུ་བེད་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་དང་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་དང་ས་གཤིས་ཀྱི་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་བཏང་བ་རེད།

གསར་འགོད་པར་ཀོང་ཏུང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱུང་བར། ཀོང་ཏུང་ཞིང་ཆེན་ལ་རྒྱ་མཚོའི་རླུང་འཚུབ་དྲག་པོ“མོ་ཅེའི”ཤུགས་རྐྱེན་ཐེབས་ཤུགས་སྤྱིར་ན་མཇུག་འགྲིལ་བ་དང་། མིག་སྔར་ཞིང་ཆེན་ཡོངས་ཀྱི་གཙང་པོ་དང་ཆུ་བོའི་ཆུ་ཁ་སྤྱིར་ན་བརྟན་པོ་ཡོད་པ་དང་གནོད་འཚེ་ལས་མི་སྣ་འཆི་རྨས་བྱུང་མེད། ཀོང་ཏུང་ཞིང་ཆེན་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ས་གནས་ཁག་དང་སྡེ་ཚན་ཁག་ལ་གནོད་འཚེའི་གནས་ཚུལ་ལ་ཞིབ་དཔྱད་ནན་པོ་བྱས་ནས་གེགས་སེལ་གྱི་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་གཏོར་སྐྱོན་ཤོར་བའི་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཉམས་གསོ་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས། ཉ་ལས་བདེ་འཇགས་ཐོན་སྐྱེད་ཀྱི“100%དྲུག”དོན་འཁྱོལ་ནན་པོ་བྱས་ནས་བདེ་འཇགས་མེད་ན་རྒྱ་མཚོ་མི་སྒྲོལ་བ་དང་། བཀོད་སྒྲིག་མི་སྣ་གཞན་སྒྱུར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“བདེ་འཇགས་མེད་ན་ཕྱིར་ལོག་མི་བྱེད་པ” ཞོར་ཐོན་གནོད་འཚེའི་འགོག་ཟོན་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པ་བཅས་བྱ་རྒྱུའི་བླང་བྱ་བཏོན་ཡོད།