《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月07日

ཞི་ཅིན་ཕིང་གིས་པོ་ཚི་ཝ་ནའི་ཙུང་ཐུང་མཱ་ཤིས་ཤིས་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་ཉིན་དགུང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་པོ་ཚི་ཝ་ནའི་ཙུང་ཐུང་མཱ་ཤིས་ཤིས་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་པོ་རྒྱལ་ཁབ་གཉིས་པོའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད་པ་དང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་དབར་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་དེ་སྲིད་ཇུས་ཀྱི་རྨང་རྡོར་བརྩི་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དེ་དམིགས་བསལ་གྱི་གནས་བབ་ཐོག་བཞག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ་ཕན་ཚུན་ཡིད་ཆེས་དང་། ཐུན་མོང་འཕེལ་རྒྱས། དམངས་འདོད་གཅིག་མཐུན་བཅས་ཀྱི་རོགས་ཟླ་མཐའ་འཁྱོངས་བྱེད་དགོས། ཕན་ཚུན་དབར་རྒྱབ་སྐྱོར་བརྟན་པོ་ཡོང་བར་བྱས་ནས་བཟོ་ལས་དང་། ཞིང་ལས། གཏེར་ཐོན། ནུས་རྒྱུ་གཙང་མ། སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ཀྲུང་ཧྥེའི་མཉམ་ལས་ཀྱི་འཕེལ་ཤུགས་ཆེ་བ་དེ་ལས་ཀྲུང་ཧྥེའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པ་མ་ཟད། རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དང་དར་རྒྱས་ཆེད་ཆ་རྐྱེན་ནུས་ལྡན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ན་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

མཱ་ཤིས་ཤིས་ཀྱིས་གསུངས་དོན། དེ་རིང་ནི་ཧྥེ་ཀྲུང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་གིན་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ངོ་མཚར་ཆེ་བའི་གསུང་བཤད་གནང་ནས། ཀྲུང་ཧྥེས་ལག་གདང་སྦྲེལ་ཏེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གསར་པ་ཁྱབ་བསྒྲགས་གནང་བ་དེའི་ནང་ཨ་ཧྥེ་རི་ཁར་སྔར་བས་སྒོ་མོ་འབྱེད་པའི་སྲིད་ཇུས་ཚུད་ཡོད་པས་ཨ་ཧྥེ་རི་ཁ་ཕྱོགས་དགའ་སྤྲོ་ཆེན་པོ་བྱུང་བ་དང་ལྕག་སྐུལ་ཆེན་པོ་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ནར་དུས་ཡུན་རིང་པོའི་ནང་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པོ་ཚི་ཝ་ན་ཕྱོགས་ཀྱིས་སང་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)