ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་ཉིན་དགུང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཞི་ཅིན་ཕིང་གིས་ཀུ་ཐེ་ལེ་སི་དམིགས་བསལ་གདན་ཞུའི་སྐུ་མགྲོན་གྱི་ངོས་ནས་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ད་གིན་ངེད་གཉིས་ལྷན་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ངས་འཚམས་འདྲི་བྱེད་ཡུལ་དང་པོ་ནི་ཨ་ཧྥེ་རི་ཁ་རེད། ཐན་ཙན་ནི་ཡ་རུ་ལྷག་བསམ་ཟོལ་མེད་ངང་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ཀྱི་འདུ་ཤེས་བཏོན་རྗེས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་རིམ་བྱུང་ལ་ཞུགས་པ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་ཐད་སྒེར་ཕན་གང་ཡང་བཅངས་མེད། དུས་རབས་ཕྱེད་ཀའི་གོང་། ཀྲུང་གོས་རང་ཉིད་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱང་། སྤུན་ཟླ་ཨ་ཧྥེ་རི་ཁའི་རེ་བ་དང་དུ་བླངས་ཏེ་ཐན་ཙན་ལྕགས་ལམ་སྐྲུན་རོགས་བྱས་ནས་དགའ་སྐྱོ་གཉིས་ལྡན་གྱི་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་གཏམ་རྒྱུད་བརྩམས་ཡོད། ད་གིན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ངས་ཨ་ཧྥེ་རི་ཁར་འཛིན་པའི་དངོས་སྒྲུབ་མཉམ་ལས་ཀྱི་བྱ་སྤྱོད་གསར་པ་དང་བྱ་ཐབས་གསར་པ་ཁྱབ་བསྒྲགས་བྱས་པ་ཡིན། ཁ་ས་ངས་ད་དུང་ཐན་ཙན་ནི་ཡ་དང་ཙན་པི་ཡ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དང་མཉམ་དུ་ཐན་ཙན་ལྕགས་ལམ་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་བྱས་པའི་དམིགས་ཡུལ་ནི་ཀྲུང་ཧྥེའི་མཛའ་གྲོགས་རྒྱུན་འཛིན་བྱ་ཆེད་ཡིན། ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་ལུགས་བཏོན་པ་དེ་ནི། ཨ་ཧྥེ་རི་ཁ་ཚུད་པའི་འཛམ་གླིང་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཡིན་ལ། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་འོག་རྒྱལ་ཁབ་ཁག་གི་མི་དམངས་ཚོའི་ཐུན་མོང་གི་རེ་འདུན་དང་རེ་ལྟོས་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁར་མཐོང་ཆེན་གནང་བར་བསྔགས་བརྗོད་བྱེད་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་མཉམ་དུ་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཀུ་ཐེ་ལེ་སིས། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་གདན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་རྒྱུས་ཐོག་ཨ་ཧྥེ་རི་ཁ་ནི་མི་སེར་སྤེལ་བའི་རིང་ལུགས་ཀྱི་གནོད་འཚེ་ཕོག་མཁན་གཙོ་བོ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལས་ཨ་ཧྥེ་རི་ཁར་བྱུང་མྱོང་བའི་ལོ་རྒྱུས་ཐོག་འདྲ་མཉམ་མིན་པའི་སྣང་ཚུལ་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། ཨ་ཧྥེ་རི་ཁའི་ཞི་བདེ་དང་འཕེལ་རྒྱས་ལའང་རོགས་རམ་ཐུབ་ཀྱི་ཡོད། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་པས་མིའི་རིགས་ཡོངས་ཀྱི་ཞི་བདེ་དང་ཡར་ཐོན་ལ་ཕན་ཐོགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྲལ་གཏོང་བ་དང་ཐུན་མོང་ཡར་རྒྱས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་པ་དང་། ཕྱོགས་མང་རིང་ལུགས་མཉམ་དུ་ལག་བསྟར། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་འབྱུང་འགྱུར་དབུ་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
(པ་སངས་ཀྱིས་སྒྱུར་ཞུས་བྱས)