《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月07日

ཞི་ཅིན་ཕིང་གིས་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཨེན་པ་ལུའོ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཨེན་པ་ལུའོ་དང་མཇལ་འཛོམས་གནང་བ་རེད།(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཨེན་པ་ལུའོ་འདི་ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་མྱོང་ཡོད། ད་ཐེངས་སླར་ཡང་ཞལ་ཆད་ལྟར་པེ་ཅིང་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ལ་ཞུགས་པ་དེ་ཐོག་ནས་ཀྲུང་གོར་བཅངས་པའི་མཛའ་གྲོགས་ཀྱི་བརྩེ་སེམས་དང་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོ་དང་ལྷན་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་བཏང་ནས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རང་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དངོས་སྒྲུབ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་ཀི་ནེ་ཡ་པི་སོའི་ཤུན་མཁྲེགས་ཤིང་ཏོག་ཡའོ་ཀོ་ཀྲུང་གོར་ཕྱིར་གཏོང་དང་ཀྲུང་གོའི་ཁག་གསར་པའི་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་འདེམས་གཏོང་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཀྲུང་གོ་དང་ཀི་ནེ་ཡ་པི་སོ་དབར་དང་ཀྲུང་ཧྥེའི་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཏེ་ལག་གདང་སྦྲེལ་ནས་ཀྲུང་ཧྥེའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

ཨེན་པ་ལུའོ་ཡིས་གསུངས་དོན། སླར་ཡང་ཀྲུང་གོར་ཡོང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་མཇལ་བར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་འགོ་གལ་ཆེན་ལས་སྤྱིར་བཏང་མིན་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་ལོ་རྒྱུས་ཀྱི་ཐུགས་རྒྱ་མངོན་པ་དང་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པས། ཀི་ནེ་ཡ་པི་སོ་ཡིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན། ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན། ཀྲུང་གོ་ནི་འབྱུང་འགྱུར་དང་སྤུན་ཟླ་ཡིན། ཀི་ནེ་ཡ་པི་སོ་ཡིས་ཀྲུང་གོའི་ཡིད་ཆེས་ཆོག་པའི་གྲོགས་པོ་དང་རོགས་ཟླ་བྱེད་འདོད་ཡོད། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)