《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月07日

ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་ཨཱ་ཁུ་ཧྥུའུ—ཨ་ཏུའོ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཀག་ནའི་ཙུང་ཐུང་ཨཱ་ཁུ་ཧྥུའུ—ཨ་ཏུའོ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཀག་དབར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། ཀག་ན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་མཁན་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཉིས་པ་རེད། ཕྱི་འབྲེལ་བཙུགས་ནས་ལོ་64སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཡུན་རིང་བརྟན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་དབར་བཞག་པའི་མཛའ་གྲོགས་ཟབ་མོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཁྱབ་ཁོངས་ཁག་གི་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རོགས་ཟླ་བཟང་པོ། མཉམ་ལས་དམ་ཟབ་བྱེད་པའི་སྤུན་ཟླ་བཟང་པོ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཕྱོགས་དང་ལྷན་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ཀག་ན་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱས་ཏེ་ཞིང་ལས་དང་། ཉ་ལས། ནུས་རྒྱུའི་གཏེར་ཐོན། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། ཀག་ན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ལ་མུ་མཐུད་དུ་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་དང་སྟབས་བདེ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་2024ལོ་ནས་2026ལོའི་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་ཀག་ནའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀག་ན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད།

ཨཱ་ཁུ་ཧྥུའུ-ཨ་ཏུའོ་ཡིས་གསུངས་དོན། ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀག་ནར་རྒྱབ་སྐྱོར་སྣ་ཚོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་མཉམ་ལས་ཀྱིས་ཀག་ནའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀག་ན་ཕྱོགས་ཀྱིས་གློག་ཤུགས་དང་། གཏེར་ཐོན། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་དང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་ཀྲུང་གོའི་ཁེ་ལས་ལ་སྟབས་བདེ་སྐྲུན་འདོད་ཀྱང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོའི་གླེང་སྟེགས་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཧྥེ་ཀྲུང་གིས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྲེལ་ཡོད་གྲོས་འགོར་རྒྱང་ལྟའི་རང་བཞིན་ཆེན་པོ་ལྡན་ཡོད་པས་ཀག་ན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་ཧུར་ཐག་བྱས་ནས། བློ་བརྟན་འགྱུར་མེད་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་བྱེད་འདོད་ཡོད།

(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)