《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月07日

ཞི་ཅིན་ཕིང་གིས་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མེ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་རུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་དང་རུ་ཝང་ཏའི་རྒྱལ་གཅེས་འཐབ་ཕྱོགས་གཉིས་ཀས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཕེལ་རྒྱས་ལ་འགོ་ཁྲིད་པའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་རྒྱ་ཆེའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། རུ་ཝང་ཏ་རང་ཚུགས་རང་བདག་གི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། རུ་ཝང་ཏ་ཕྱོགས་དང་ལྷན་དུ་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ཟབ་ཏུ་བཏང་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འདུ་ཤེས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཆེར་བཏང་སྟེ། རང་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་གྱི་འགྲོ་ལམ་ཐོག་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱིས་ཀྲུང་རུའི་མཛའ་གྲོགས་འབྲེལ་བའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ཐད་ལོ་རྒྱུས་ཀྱི་གོ་སྐབས་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་ཕྱོགས་དང་ལྷན་དུ་ཐེངས་འདིའི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། སྲུང་སྐར་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རུ་ཝང་ཏའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་ཐུན་མོང་ཐོག་ཡག་པོ་གཉེར་ཏེ། རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། རུ་ཝང་ཏ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་ཆེད། དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་། རུ་ཝང་ཏ་ཕྱོགས་དང་མཉམ་དུ་ཞི་བདེ་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད།

ཁཱ་ཅ་མེ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཧྥེ་ཀྲུང་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་གནང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རུ་ཝང་ཏ་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླར་བརྩིས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)