《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月06日

ཞི་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ་དང་མཇལ་འཛོམས་གནང་བ།

ཟླ་9ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ་དང་མཇལ་འཛོམས་གནང་བ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་གཉིས་པར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་ཕྱེད་ཀའི་གོང་དུ། ཀྲུང་ཀ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་གཟིགས་རྒྱང་རིང་པོའི་ཐོག་ནས་ཀྲུང་ཀ་རྒྱལ་ཁབ་གཉིས་དབར་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། ད་ཆ། འབྲེལ་བ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ད་ལོ་ནི་ཀྲུང་ཀའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ཏེ་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་དང་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་ཀའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་དེ་བས་འོད་ཟེར་ལྡན་པའི་འབྱུང་འགྱུར་རྒྱུན་ཆད་མེད་པར་གཏོད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཀ་ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་མཉམ་ལས་ལག་བསྟར་བྱས་པའི་ཀ་པོན་རྒྱལ་སའི་གློག་དྲ་རིམ་སྤོར་སྒྱུར་བཀོད་དང་ལས་རིགས་སློབ་གསོ་ལྟེ་གནས་སོགས་ཀྱི་རྣམ་གྲངས་ལ་ཀ་པོན་མི་དམངས་ཀྱི་དགའ་བསུ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། འཕྲོད་བསྟེན་བདེ་ཐང་། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་ཀ་པོན་གྱི་དཔལ་འབྱོར་སྣ་མང་ཅན་གྱི་ཕྱོགས་སྒྱུར་ལ་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཀ་པོན་ཕྱོགས་དང་མཉམ་དུ་འཇིགས་རྒོལ་དང་བདེ་འཇགས་ཁྱབ་ཁོངས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རང་ཉིད་ཀྱི་རྒྱལ་ནང་བརྟན་ལྷིང་དང་ས་ཁུལ་གྱི་ཞི་བདེ་བདེ་འཇགས་ལ་སྐུལ་འདེད་གཏོང་འདོད་ཀྱང་ཡོད།

ཨེན་ཀུའེ་མཱ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་གདན་དྲངས་པ་དང་མཛད་བྲེལ་ཆེ་ཡང་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཐོག་ནས་ཀ་པོན་དང་ཀྲུང་གོ་མི་དམངས་དབར་གྱི་མཛའ་གྲོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་ཡོད་པ་གང་ལེགས་མཚོན་ཡོད། ཀ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་དབར་གྱི་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། ཀྲུང་གོ་ནི་ཀ་པོན་གྱི་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཡིན་པས་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཀ་པོན་གྱི་རྒྱལ་ཁབ་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད།

(ཟླ་བ་ཕུར་སྒྲོན་གྱིས་བསྒྱུར། ལྷ་དབང་གིས་ཞུས)