《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月06日

ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨཱ་པི་དང་མཇལ་འཛོམས་གནང་བ།

ཟླ་9ཚེས་4ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་དངོས་གཞིའི་འཚམས་འདྲི་གནང་མཁན་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨཱ་པི་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་དངོས་གཞིའི་འཚམས་འདྲི་གནང་མཁན་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨཱ་པི་དང་མཇལ་འཛོམས་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་གཉིས་པར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། ཨེ་ཙེ་ཨོ་ཕི་ཡ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རང་བཙན་བཅིངས་འགྲོལ་དང་རང་བརྟེན་འཕེལ་རྒྱས་དོན་གཉེར་བྱེད་མཁན་གྱི་མིག་དཔེ་ཞིག་རེད། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་དབར་གྱི་འབྲེལ་བ་དེ་ཀྲུང་ཧྥེའི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་ཞིག་རེད་ཅེས་བརྗོད་ན་འགྲིག རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་དེ་བས་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་འགྲོ་ཡི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་རྒྱུན་མཐུད་བྱེད་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ཀྲུང་ཧྥེའི་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་གཞོམ་གཞིག་མེད་པའི་མཛའ་གྲོགས་ཟབ་མོ་ཞིག་བཏོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་པ་དང་། ཐུན་མོང་འཕེལ་རྒྱས་གཏོང་བ། མཐུན་སྒྲིལ་རོགས་རེས་བྱེད་པ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་རོགས་ཟླ་བཟང་པོ་ཞིག་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་ཕྱོགས་གཉིས་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་དང་སྣེ་ཁྲིད་རང་བཞིན་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་དང་འཕེལ་རྒྱས་དར་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཨེ་ཙེ་ཨོ་ཕི་ཡས་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་བའི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་ཐོན་ལས་མཉམ་སྒུལ་དང་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨ་ཧྥེ་རི་ཁ་ཤར་རྒྱུད་ས་ཁུལ་གྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་བགྲོད་ལམ་དང་ཀྲུང་ཧྥེ་ཡིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་དཔེ་སྟོན་ཁུལ་གཏོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་རིམ་ངོས་དང་། མཉམ་འབྲེལ་རྒྱལ་ཚོགས། འབོ་གསེར་སོགས་སྒྲོམ་གཞིའི་ནང་ཨེ་ཙེ་ཨོ་ཕི་ཡ་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ཏེ “ཨ་ཧྥེ་རི་ཁའི་ཟུར་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བསམ་བཀོད”དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ཐུན་མོང་ཐོག་སྲུང་འདོད་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཐོག་མར་འཁུར་མཁན་ཨེ་ཙེ་ཨོ་ཕི་ཡས་ཐོག་མཐའ་བར་གསུམ་དུ་གླེང་སྟེགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་དབུ་ཚོགས་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཨཱ་པི་ཡིས་གསུངས་དོན། ཀྲུང་གོར་སླར་ཡང་འཚམས་འདྲིར་ཡོང་བ་མ་ཟད་ཀྲུང་གོ་དང་ལྷག་པར་དུ་པེ་ཅིང་གིས་ལོ་རྒྱུས་དང་དེང་རབས་ཅན་མཉམ་འདྲེས་ཡག་པོ་བྱས་པ་ཉམས་ལེན་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། དེས་ཨེ་ཙེ་ཨོ་ཕི་ཡའི་གྲོང་ཁྱེར་དང་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་དཔྱད་གཞིར་འཛིན་རྒྱུའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡར་ལག་ལེན་བསྟར་བའི་སྲིད་ཇུས་ལས་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་བྱས་པ་མཚོན་པ་དང་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་རེད། ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་དང་མཉམ་ལས་བྱས་ནས་ཨེ་ཙེ་ཨོ་ཕི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

(མཚམས་གཅོད་ཀྱིས་བསྒྱུར། བསྟན་བློས་ཞུས)