ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཁ་མེ་རོང་གི་ཙུང་ཐུང་པི་ཡཱ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཁེའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།(པར་ངོས་གསུམ་པར་གཟིགས)(པར་ངོས་གཉིས་པར་མཐུད)
ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་པི་ཡཱ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐེངས་རིམ་བྱུང་ལ་ཕེབས་པ་དེ་ཐོག་ནས་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་ཀྲུང་གོར་བརྩེ་སེམས་ཟབ་མོ་བཅངས་ལུགས་མཚོན་ཡོད། ཀྲུང་ཁའི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་པར་བརྟེན་མཛའ་གྲོགས་དང་གཉིས་ཕན་གྱི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁ་མེ་རོང་གི་དེ་བས་ཟབ་པའི་མཛའ་གྲོགས་མཉམ་ལས་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁ་མེ་རོང་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁ་མེ་རོང་ཕྱོགས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བཅས་ཐད་གནང་བའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འགྲོ་འོང་ཟབ་ཏུ་བཏང་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། ཕན་ཚུན་སྦྲེལ་མཐུད། ཞིང་ལས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཁ་མེ་རོང་གི་དཔལ་འབྱོར་སྣ་མང་ཅན་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་མང་ལས་དོན་ནང་ཧུར་ཐག་ཞུགས་པར་བསྔགས་བརྗོད་བྱ་རྒྱུ་དང་ཁ་མེ་རོང་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན།
པི་ཡཱས་གསུངས་དོན། ང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་བརྒྱད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་པོས་མཛའ་གྲོགས་སྣེ་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཐོག་ནས་ཧྥེ་ཀྲུང་དབར་གྱི་འགྱུར་བ་མེད་པའི་མཛའ་གྲོགས་མཚོན་པ་མ་ཟད། ཁ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་ཡང་མཚོན་ཡོད། ཁ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་53སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་བཟང་པོ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད། ཁ་མེ་རོང་དུ་ཡོད་པའི་ཀྲུང་གོའི་མ་འཇོག་འཛུགས་སྐྲུན་རྣམ་གྲངས་མང་པོ་ཞིག་གིས་ཁ་མེ་རོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁ་མེ་རོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་འདོད་ཡོད།
(པ་སངས་ཀྱིས་སྒྱུར་ཞུས་བྱས)