ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ལིའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།(པར་ངོས་གསུམ་པར་གཟིགས)(པར་ངོས་གཉིས་པར་མཐུད)
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ལི་པི་ཡ་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་46སོང་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་གྱི་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་བརྟན་ལྷིང་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཀྲུང་ལིའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྣམ་འགྱུར་ལ་འགྱུར་ལྡོག་འགྲོ་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་ལིའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་། ལི་པི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་རྒྱལ་ཁབ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བའི་ལམ་བུ་འཚོལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་དཔལ་འབྱོར་བསྐྱར་སྐྲུན་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ལི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་རྒྱུའི་རེ་བ་ཡོད།
མན་ཧྥེ་ཡིས་གསུངས་དོན། ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་རྒྱུ་བྱུང་བར་ངས་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། དེས་ལི་ཀྲུང་དང་ཧྥེ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་མཁོ་འདོན་བྱས་ཡོད། ཞི་བདེ་དང་དཔལ་འབྱོར་གང་གི་ཕྱོགས་ནས་བལྟས་ན་ཡང་། ཀྲུང་གོ་ནི་ལི་པི་ཡའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད། ལི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་དཔལ་འབྱོར་ཚོང་དོན་མ་འཇོག་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ་ཀྲུང་གོའི་ཁེ་ལས་ལི་པི་ཡའི་དཔལ་འབྱོར་བསྐྱར་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ལི་པི་ཡ་ཕྱོགས་ཀྱིས་དེའི་ཐད་ཁོར་ཡུག་བཟང་པོ་མཁོ་འདོན་བྱེད་འདོད་ཡོད། ལི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུས་ནས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་འགྱུར་ལྡོག་གཏོང་མི་སྲིད།
(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)