《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月05日

“གངས་ལྗོངས་ས་མཐོའི་རྣམ་པ་གསར་པའི”བརྟག་ཞིབ་བཅར་འདྲིའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ། “གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས“གངས་ལྗོངས་ས་མཐོའི་རྣམ་པ་གསར་པ”ཞེས་པའི་བརྟག་ཞིབ་བཅར་འདྲིའི་བྱེད་སྒོ་ལྷ་སར་འགོ་ཚུགས་པ་རེད། ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་20ལྷག་ཙམ་དང་ལས་རིགས་སྨྱན་སྦྱོར་གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་100ལྷག་ཙམ་བོད་ལྗོངས་དང་། ཀན་སུའུ། སི་ཁྲོན་སོགས་ས་ཁུལ་དུ་བཅར་འདྲི་བྱེད་པར་བསྐྱོད་དེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་རེད།

ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་མཉམ་དུ་སྤེལ་བའི་“གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཡོད། དེ་གོང་རིམ་ཁག་སྨྱན་སྦྱོར་སྒྲིག་འཛུགས་བྱས་ཏེ་ནང་སོག་དང་། ཉིང་ཞ། ཀོང་ཤིས་སོགས་ས་ཁུལ་དུ་བརྟག་ཞིབ་བཅར་འདྲི་བྱས་ནས་འབྲེལ་ཡོད་ས་གནས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བཀྲག་མདངས་འཚེར་ས་དང་ཕན་འབྲས་དྲིལ་བསྒྲགས་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ་རེད།

ད་ཐེངས་ཀྱི་བརྟག་ཞིབ་བཅར་འདྲིའི་དུས་ཡུན་ཉིན་14ཡིན་པ་དང་བཅར་འདྲི་ཚོགས་པའི་ཁོངས་མིས་ས་གནས་དེ་གའི་སློབ་གྲྭ་དང་། གྲོང་ཚོ། སྡེ་ཁུལ། ཁེ་ལས། བཟོ་གྲྭ་སོགས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་ནས་མཐོང་ཐོས་མྱོང་སྒྲུབ་བྱས་པ་བརྒྱུད་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོང་། ཚན་རྩལ་གསར་གཏོད། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཉམས་མྱོང་དང་གྲུབ་འབྲས་མངོན་པར་བྱ་རྒྱུ་རེད།

(བསོད་བདེ་ཆེ་བས་བསྒྱུར། དམ་ཆོས་ཀྱིས་ཞུས)