《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月27日

རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་དགོས།

ལི་ཞའོ་ཡུན།

ཀྲུང་གོས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁྲོད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་ལས་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོའི་ལས་འགན་དང་འགན་འཁྲི་འཁུར་སེམས་མངོན་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་ནང་མཉམ་ལས་གཉིས་ཕན་དང་། བསྟུན་མཁས་རང་བཞིན་ཆེར་གཏོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་བརྒྱུད་མིའི་རིགས་ཡོངས་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གནད་དོན་ལ་བསམ་གཞིག་གཏིང་ཟབ་དང་ལན་ཧུར་ཐག་བརྒྱབ་པ་ཞིག་རེད། གྲོས་འགོ་དེའི་མཛུབ་ཁྲིད་འོག་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཤེས་བྱས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད། ཉིན་ཤས་གོང་གོ་ལ་ཧྲིལ་པོའི་མཉམ་སྤྱོད་འཕེལ་རྒྱས་བྱ་སྤྱོད་གླེང་སྟེགས་སྐབས་གཉིས་པའི་རིམ་མཐོའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་ཞུགས་མི་སྣས་ཀྲུང་གོ་ཕྱོགས་དང་ཕྱོགས་ཁག་གིས་མཐུན་སྦྱོར་བྱ་སྤྱོད་སྤེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བར་གདེང་འཇོག་ཡག་པོ་བྱས་པ་རེད།

ད་བར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རྣམ་གྲངས་མཛོད་ཀྱི་རྣམ་གྲངས་བསྡོམས་འབོར་1000ལྷག་ཙམ་ཟིན་ཞིང་། དེའི་ནང་ནས་ལེགས་གྲུབ་ཟིན་པ་དང་ལག་བསྟར་བྱེད་བཞིན་པའི་རྣམ་གྲངས་500ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ལྷོ་ལྷོ་མཉམ་ལས་ཀྱི་རོགས་སྐྱོར་ཐེབས་རྩ་དེ“གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩར”བསྡུ་སྒྲིལ་རིམ་སྤོར་བྱས་པ་དང་འབྲེལ། མ་དངུལ་སྔར་བས་མང་དུ་བཏང་ནས་རྒྱལ་སྤྱིའི་རྩ་འཛུགས་20ལྷག་ཙམ་དང་མཉམ་དུ་རྒྱལ་ཁབ་60ལྷག་ཙམ་ལ་ཕྱོགས་གསུམ་གྱི་མཉམ་ལས་རྣམ་གྲངས་140ལྷག་ཙམ་ལག་བསྟར་བྱས་པ་རེད། གོ་ལ་ཧྲིལ་པོའི་མཉམ་སྤྱོད་འཕེལ་རྒྱས་བྱ་སྤྱོད་གླེང་སྟེགས་སྐབས་གཉིས་པའི་རིམ་མཐོའི་ཚོགས་འདུའི་ཐོག་མཉམ་ལས་བྱེད་སྟངས་གསར་གཏོད་བྱ་རྒྱུར་སྐུལ་མ་བཏང་ནས་དབུལ་པོ་ཉུང་གཏོང་དང་། འཕྲོད་བསྟེན། ལྗང་མདོག་སོགས་ཁྱབ་ཁོངས་སུ“ཆུང་ཞིང་མཛེས་པའི”སྤུས་རྟགས་ཁག་གཅིག་གཏོད་པ་དང་རྣམ་གྲངས་གསར་པ་ཁག་གཅིག་དོན་འཁྱོལ་བྱེད་པར་ཤུགས་བརྒྱབ་སྟེ“འཇུག་སྒོ་ཆུང་ངུ”ནས“བྱ་གཞག་ཆེན་པོ”བཏོད་ཡོད།

ལོ་བཅུའི་གོང་ང་དང་ཚོགས་པ་ཐན་ཙན་ནི་ཡར་བསྐྱོད་དེ་རེ་བ་དང་འགྲན་སློང་གིས་ཁེངས་པའི་ལྷོ་ལྷོ་མཉམ་ལས་ཀྱི་ལས་དོན་འགོ་བཙུགས་པ་ཡིན། སྐབས་དེ་དུས་ས་གནས་དེ་གའི་མ་རྨོས་ལོ་ཏོག་ཞིང་ནང་དུ་སྡོང་རྐང་ཐར་ཐོར་སྐྱེས་པ་ནི་ཨ་ཧྥེ་རི་ཁའི་འབྲུ་རིགས་བདེ་འཇགས་ལ་འཕྲད་པའི་འགྲན་སློང་གི་བསྡུས་རིས་ཤིག་རེད། ས་གནས་དེ་གའི་ཞིང་ལས་ཐོན་འབབ་མང་དུ་གཏོང་ཆེད། ང་ཚོས་འདེབས་འཛུགས་ལག་རྩལ་ལ་འགྱུར་ལྡོག་གཏོང་བ་དང་དོ་དམ་གྱི་ཉམས་མྱོང་གསར་པ་ནང་འདྲེན་བྱེད་དགོས་པའི་གྲོས་འགོ་བཏོན་པ་ཡིན།

ང་ཚོས་ཞིང་ལས་ལག་རྩལ་དང་ཉམས་མྱོང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་ཁྱབ་གདལ་བཏང་ནས་རྩ་བ་ཚུགས་ཐུབ་པར་བྱས་ཏེ་ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བ་ལེགས་སུ་བཏང་ཡོད། “ཆུང་ཞིང་མཛེས་པའི”དམངས་འཚོའི་རྣམ་གྲངས་རབ་དང་རིམ་པ་བརྒྱུད་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ནུས་པ་དང་ལག་བསྟར་ནུས་པ་མངོན་ཡོད། རྣམ་གྲངས་དེ་དག་གིས་ལག་རྩལ་ཁྱབ་སྤེལ་ལ་སྐུལ་ཁྲིད་བྱས་པ་དེ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

ཀྲུང་གོས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁྲོད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་ལས་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་ས་གནས་ཀྱི་དོན་དངོས་ཟུང་འབྲེལ་བྱས་ནས་བསྟུན་མཁས་རང་བཞིན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཀྲུང་གོས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ས་གནས་རང་བཞིན་གྱི་ཤེས་བྱ་ལྟེ་བར་བྱས་ཏེ་འཕེལ་རྒྱས་གཏོང་རྒྱུ་དེ་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་པ་དང་ས་གནས་དེ་གའི་ཐོན་ཁུངས་ལ་བརྩི་འཇོག་དང་བེད་སྤྱོད་བྱེད་དགོས་པའི་ནན་བཤད་བྱས་ཡོད། དེང་རབས་ལག་རྩལ་དང་དོ་དམ་བྱེད་སྟངས་དེ་སྲོལ་རྒྱུན་དང་ས་གནས་རང་བཞིན་གྱི་ཤེས་བྱ་དང་ཟུང་འབྲེལ་དམ་ཚགས་བྱེད་པ་དང་འབྲེལ། བསྒར་བརྒྱན་རྣམ་པའི་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱས་ན་ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུས་ལོན་གཏིང་ཟབ་ཡོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བསམ་ཕྱོགས་དང་བྱ་ཐབས་གསར་པ་མཁོ་འདོན་ཡང་བྱས་ཡོད།

ཀྲུང་གོས་མཉམ་ལས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་བཅག་སྟེ་དེ་བས་དྲང་གཞག་དང་། བསྟུན་མཁས། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་ནས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་རེད།

(རྩོམ་པ་པོ་ནི་ཀྲུང་གོ་ཞིང་ལས་སློབ་ཆེན་རིག་གནས་ཚན་ཁག་གི་འཆད་ཁྲིད་དགེ་རྒན་ཆེ་མོ་བ་རྒྱལ་སྤྱིའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་ཞིང་ལས་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ཡིན)

(བསོད་བདེ་གཞོན་པས་བསྒྱུར། སྐལ་མཆོག་གིས་ཞུས)