《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月27日

ཕྱི་འབྲེལ་པུས་བརྗོད་དོན།

ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བར་གོ་སྐབས་གསར་པ་སྦྱིན་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་འཛམ་གླིང་ལ་དུས་རབས་གསར་པར་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བའི་བརྡ་རྟགས་ཤུགས་ཆེན་བཏང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་300ལྷག་ཙམ་བཏོན་ཡོད། སྒྱུར་བཅོས་བྱེད་ཐབས་དེ་དག་དོན་འཁྱོལ་བྱས་པ་དེས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་གོ་སྐབས་གསར་པ་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་པོ་དབྱིན་དང་། ཀའོ་ཧྲེང་། ཤིང་པཱ་ཁེ། ཧོ་མུའུ་ཅཱ་སོགས་ཨ་རིའི་ཁེ་ལས་ཀྱི་འགན་འཁུར་བ་ལས་གྲུབ་པའི་འཐུས་མི་ཚོགས་པ་ཀྲུང་གོར་འཚམས་འདྲི་བྱེད་བཞིན་ཡོད་པ་དང་། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཁོང་ཚོ་དང་མཇལ་འཕྲད་གནང་བ་རེད། ཨ་རིའི་ཁེ་ལས་མཁས་ཅན་ཚོས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བརྡ་རྟགས་གལ་ཆེན་བཏང་བར་དགའ་བསུ་ཞུ་རྒྱུ་དང་ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོར་ཚོང་གཉེར་གཏིང་ཟབ་བྱ་རྒྱུར་གདེང་ཚོད་ཡོད་ཅེས་བརྗོད། མགྲིན་ཚབ་པས་འདི་ལ་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས། རྒྱལ་ཁབ་ཁག་དང་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་པའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཆར་གཞི་གསར་པར་ཚད་མཐོའི་དོ་སྣང་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་འཛམ་གླིང་ལ་དུས་རབས་གསར་པར་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བའི་བརྡ་རྟགས་ཤུགས་ཆེན་བཏང་ཡོད་ཅེས་བརྗོད།

“ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་བལྟས་ཚེ། ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པ་ནི་སྒྱུར་བཅོས་སྒོ་དབྱེར་བརྟེན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱས་པ་དེའང་སྒྱུར་བཅོས་སྒོ་དབྱེར་བརྟེན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་སྔར་བཞིན་སྒྱུར་བཅོས་སྒོ་དབྱེར་བརྟེན་དགོས”ཞེས་མའོ་ཉིང་གིས་བརྗོད།

མའོ་ཉིང་གིས། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་300ལྷག་ཙམ་བཏོན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། “སྒྱུར་བཅོས་བྱེད་ཐབས་དེ་དག་དོན་འཁྱོལ་བྱས་པ་དེས་ཕྱོགས་ཁག་གི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་གཏོང་བ་དང་འགོག་རྐྱེན་སྣ་ཚོགས་བསལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་དང་དེར་སྒུལ་ཤུགས་བསྣན་རྒྱུ་མ་ཟད། ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་དབར་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་ཡིན་པར་ང་ཚོར་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

(ཚེ་ཁོས་བསྒྱུར། ལྷག་ཚེ་དང་ཚེ་ཁོས་ཞུས)