འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཨར་འདམ་ལུགས་མཐའ་མ་དེ་བདེ་བླག་ངང་བརྒྱབ་པ་དང་བསྟུན་ནས་ཀྲུང་གོ་འགྲིམ་འགྲུལ་མཁའ་འགྲུལ་ལས་དོན་བཟོ་སྐྲུན་ཅུས་གཉིས་པས་སྐྲུན་འགན་ཁུར་བའི་ཧུའུ་པེ་ཞིང་ཆེན་ཡན་ཅི་འབྲི་ཆུའི་ཟམ་ཆེན་གྱི་ཨེ་ཀྲོའུ་གཞོགས་ཀྱི་འདེགས་སྒྲོམ་གཙོ་བོར་ཐོག་བཀབ་ནས་ཟམ་པ་གཙོ་བོའི་མཐོ་འཛེགས་ལས་སྒྲུབ་དང་འཕྱངས་ཐག་འཐེན་པར་རྨང་གཞི་བཏིང་ཡོད།
འཛམ་གླིང་ཐོག་གི་བརྒལ་ཚད་རིང་ཤོས་ཀྱི་ལམ་བཞིའི་འབྲེང་ཟམ་ཏེ། ཡན་ཅི་འབྲི་ཆུའི་ཟམ་ཆེན་རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྟོང་སྨི་26ཙམ་ཡོད་པ་དང་། ཟམ་ཆེན་གྱི་གཙོ་གཞིར་སྨི་1860ཡོད་པ། དེའི་སྟེང་དུ་མྱུར་བགྲོད་གཞུང་ལམ་དང་འོག་ཏུ་གྲོང་ཁྱེར་གྱི་མགྱོགས་ལམ་ཡིན་པ་རེད། ཟམ་ཆེན་དེས་ཨེ་ཀྲོའུ་དང་ཧོང་ཀང་གཙང་པོའི་རྒྱུད་འབྲེལ་མཐུད་བྱས་ཡོད་ལ། ཧུའུ་པེའི་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་བའི་གནམ་ཐང་དང་འབྲེལ་མཐུད་ཀྱང་བྱས་ཡོད། དེ་བསྐྲུན་ཟིན་རྗེས་ས་ཁོངས་ཀྱིས“གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། མཁའ་འགྲུལ”བཅས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གཏོད་རྒྱུར་ཕན་ཐོགས་ཡོད་ལ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཡང་ཕན་ཐོགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདེགས་སྒྲོམ་གྱི་སྤུས་ཚད་ལ་འགན་ལེན་བྱ་ཆེད། རྣམ་གྲངས་ཚོགས་པས་རྒྱལ་ནང་གི་ཨར་འདམ་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལྟ་སྐུལ་ཚོད་འཛིན་མ་ལག་ཐོག་མ་སྟེ“ཨར་འདམ་སྤྲིན་ཚོམ་བཟོ་གྲྭ”སྤྱད་ནས་མ་བཅོས་རྒྱུ་ཆར་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱས་ཏེ་ཨར་འདམ་ཐོན་སྐྱེད་ཀྱི་སྤུས་ཚད་ལ་འབྱུང་རྩ་ནས་འགན་ལེན་བྱས་ཡོད།