《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月31日

ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་བ།

ཟླ་5ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་བ་རེད། འདི་ནི་ཞི་ཅིན་ཕིང་དང་སའེ་ཤིས་ཕྱག་གཏོང་བཞིན་པ།

ཟླ་5ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་སའེ་ཤིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ལོ་68ཀྱི་གོང་། ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁྲོད་ནས་ཨེ་ཅིབ་ཀྱིས་སྔོན་ཚུད་ནས་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་ཡོད། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་འགྲོ་བཞིན་ཡོད་ཀྱང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། ལྷག་བསམ་ཟོལ་མེད་ཀྱི་མཉམ་ལས། ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བ་བཅས་བྱེད་ཀྱི་ཡོད། འདི་ལོ་ནི་ཀྲུང་ཨེའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ལོ་10ཡི་རིང་། ང་དང་ཙུང་ཐུང་སའེ་ཤིས་གཉིས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་ཁྲིད་སྟོན་བྱས་པ་ཡིན། ཀྲུང་ཨེའི་འབྲེལ་བ་དེ་ཀྲུང་གོས་ཨ་རབ་དང་། ཨ་ཧྥེ་རི་ཁ། དབྱི་སི་ལམ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་བྱས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། དུས་བབ་གསར་པའི་འོག ནང་དོན་དང་གསོན་ཤུགས་དེ་བས་ལྡན་པའི་ཀྲུང་ཨེའི་འབྲེལ་བ་འཛུགས་སྐྱོང་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨེའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཏེ་ས་ཁུལ་ཙམ་མ་ཟད་ཐ་ན་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས་ཀྲུང་ཨེའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་ལག་གདང་སྦྲེལ་ཏེ་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་རྨང་གཞིའི་སྒྲིག་བཀོད་དང་། བཟོ་ལས། གློག་ཤུགས། ཞིང་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ནས་སྨན་བཅོས་འཕྲོད་བསྟེན་དང་། ཆ་འཕྲིན་འཕྲིན་གཏོང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་གཏོད་པ་དང་དཔལ་འབྱོར་ཚོང་དོན་གྱི་མ་འཇོག་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེ་ཅིབ་ཏུ་མ་འཇོག་ལས་དར་ལ་སྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། འདི་ལོའི“ཀྲུང་ཨེའི་རོགས་ཟླའི་ལོ”ཡག་པོ་གཉེར་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་ཨེ་ཅིབ་ཀྱི“ལུའུ་པན་བཟོ་ཁང”དེ་ཀྲུང་ཧྥེའི་ལས་རིགས་སློབ་གསོའི་མཉམ་ལས་ཀྱི་ཚད་ཤིང་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཨེ་ཅིབ་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨེ་ཅིབ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་བཅས་ཀྱི་མཉམ་ལས་ལམ་སྲོལ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་གཞོགས་འདེགས་སྔར་བས་དམ་ཟབ་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) འདི་ལོ་ནི་ཀྲུང་ཨའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དབར་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཡག་པོ་གཉེར་ནས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་པ་དང་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཨེ་ཅིབ་སོགས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

སའེ་ཤིས་ཀྱིས་གསུངས་དོན། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་འབྲེལ་ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། མིག་སྔར་འཛམ་གླིང་འདི་ཉིད་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་རྙོག་འཛིང་ཆེ་བའི་ཁྲོད་དུ་གནས་པ་དང་འཛམ་གླིང་དབུས་ཤར་ས་ཁུལ་ཉམས་ཉེན་གྱི་གནས་སུ་གྱར་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཐའེ་དབན་དང་། ཤང་ཀང་། བོད། འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་ཀྲུང་གོར་རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེ་ཅིབ་ཏུ་མ་འཇོག་མཉམ་ལས་ལ་ཡོང་ནས་ཨེ་ཅིབ་ཀྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འདི་ལོའི“ཨེ་ཀྲུང་རོགས་ཟླའི་ལོ”གོ་སྐབས་སུ་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་བྱས་ཏེ་ཆ་འཕྲིན་འཕྲིན་གཏོང་དང་། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ། འབྲུ་རིགས་བདེ་འཇགས། དངུལ་རྩ་སོགས་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་མིའི་རིགས་ཀྱི་ཞི་བདེ་ཡར་ཐོན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཀྱང་ཡོད།

ཕྱོགས་གཉིས་པོས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་གསུངས་དོན། ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ལས་ཕ་ལེ་སི་ཐན་གྱི་ཉེས་མེད་མི་སེར་འབོར་ཆེན་ཤི་རྨས་བྱུང་བ་དང་ཅ་ཧྲའི་མི་ཆོས་རིང་ལུགས་ཀྱི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་གདུང་སེམས་མཉམ་སྐྱེས་བྱེད་ཀྱི་ཡོད། མིག་སྔའི་ཁ་ཚ་དགོས་གཏུག་ནི་ལམ་སེང་དམག་མཚམས་བཞག་ནས་གདོང་ཐུག་གི་གཞི་ཁྱོན་ཆེ་རུ་ཕྱིན་པ་ལས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་རྡབ་རྡེག་མི་ཕོག་པ་དང་དེ་བས་ཚབས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔོན་འགོག་བྱ་རྒྱུ་དེ་རེད། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ནི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཞིག་རེད། ཕ་ལེ་སི་ཐན་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཚོགས་མིའི་རྒྱལ་ཁབ་ཏུ་འགྱུར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ཛ་དྲག་པའི་དུས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ལག་ལེན་བསྟར་བར་ནུས་པ་གལ་ཆེན་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཨེ་ཅིབ་ཕྱོགས་དང་མཉམ་དུ་ཅ་ཧྲའི་དམངས་ཚོགས་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

སའེ་ཤིས་ཀྱིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དྲང་གཞག་གཙོ་བོར་བཟུང་བ་དང་དྲང་བདེན་གྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་པར་ཨེ་ཅིབ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཅ་ཧྲ་ས་ཁུལ་གྱི་ཛ་དྲག་དུས་བབ་གང་མགྱོགས་ཞི་ལྷོད་ཡོང་བར་སྐུལ་འདེད་ཀྱང་གཏོང་འདོད་ཡོད།

གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་འཆར་འགོད་དང་། ཚན་རྩལ་གསར་གཏོད། མ་འཇོག་དང་དཔལ་འབྱོར་མཉམ་ལས། རིམས་ནད་བརྟག་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མཆན་འགོད་བྱེད་པར་ལྷན་དུ་དཔང་པོ་གནང་བ་རེད།

ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་སའེ་ཤིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་གནང་བ་རེད།

སའེ་ཤིས་དེ་གར་འབྱོར་སྐབས་གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སའེ་ཤིས་ཀྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་རུ་སྟར་ལའང་གཟིགས་པ་རེད།

དེ་ཉིན་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སའེ་ཤིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

(ཚེ་བརྟན་སྒྲོལ་དཀར་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)