《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月30日

ཞི་ཅིན་ཕིང་གིས་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་གྲོས་མོལ་གནང་བ།

ཟླ་5ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གིས་ཨའོ་པི་ཨང་དང་སྐུ་ཟླ་ཁང་སི་ཐན་ཤིས་ཡཱ་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

ཟླ་5ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཨའོ་པི་ཨང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་ནི་གཅིག་སེམས་གཅིག་གཏད་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཡིན་པ་དང་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལྟ་སྐྱོང་དང་སྐྱིད་སྡུག་མཉམ་མྱོང་མཐའ་འཁྱོངས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། དུས་བབ་གསར་པའི་འོག ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་སྲུང་སྐྱོང་དང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲོ་ལམ་རང་རྟེན་འཚོལ་ཞིབ་བཅས་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ལ། ཐིག་དམར་ཀུའི་ནེ་ཡ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་མཛའ་གྲོགས་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་སྒྱུར་བཅོས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་རྒྱུན་མཐུད་སྒུལ་ཤུགས་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐིག་དམར་ཀུའི་ནེ་ཡས་དཔལ་འབྱོར་སྣ་མང་ཅན་དང་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དེ་ཐིག་དམར་ཀུའི་ནེ་ཡའི《2035ལོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད》དང་འབྲེལ་མཐུད་དམ་ཟབ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ངོ་མ་ལྡན་པའི་ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའི་ནེ་ཡར་མ་འཇོག་ལས་དར་བྱེད་པར་སྐུལ་མ་གཏོང་གི་ཡོད་ལ། ཐིག་དམར་ཀུའི་ནེ་ཡར་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་། ཞིང་ལས་ལག་རྩལ་གྱི་རོགས་སྐྱོར་རྣམ་གྲངས་མུ་མཐུད་ལག་བསྟར། ཀྲུང་གོའི་སྨན་བཅོས་རུ་ཁག་དང་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་མཛའ་གྲོགས་སྨན་ཁང་སོགས་ཀྱི་ནུས་པ་གང་ལེགས་འདོན་པ། སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་གཅིག་རྒྱུན་གཅིག་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་པ་དང་། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད་པས། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེ་སྔའི་དུས་གང་ཞིག་ལས་ཀྱང་མཐུན་སྒྲིལ་མཉམ་ལས་ལ་དེ་བས་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡ་སོགས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་དགོངས་དོན་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་སྐབས་གསར་པ་ཡག་པོ་གཉེར་ནས། སྲོལ་རྒྱུན་གྱི་མཛའ་གཅུགས་སྔར་བས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འབྱུང་འགྱུར་གྱི་འཕེལ་རྒྱས་དང་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་མོལ་བཅས་བྱས་ཏེ། ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་རྩོམ་འདོད་ཡོད།

ཨའོ་པི་ཨང་གིས་གསུངས་དོན། ཀྲུང་གོ་ནི་ཤར་ཕྱོགས་ཀྱི་རྒྱལ་ཁབ་རླབས་ཆེན་ཞིག་ཡིན་ལ། ཐིག་དམར་ཀུའི་ནེ་ཡའི་སྤུན་ཟླ་བཟང་པོ་དང་བློས་འགེལ་ཆོག་པའི་འཐབ་ཇུས་རོགས་ཟླ་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་54སོང་རིང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་མིག་སྔར་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་དབར་གྱི་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་ལ་གཞིགས་པ་ལས་གཞན་ལ་བཙན་སྐུལ་གཏན་ནས་བྱེད་ཀྱི་མེད། ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་རོགས་རམ་བྱས་ནས་བསྐྲུན་པའི་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་མཛའ་གྲོགས་སྨན་ཁང་སོགས་རྣམ་གྲངས་གལ་ཆེན་གྱིས་ཡུལ་དེ་གའི་མི་དམངས་ལ་ཕན་བདེ་བསྐྲུན་ནས་ཧྥེ་ཀྲུང་མཛའ་མཐུན་གྱི་མཚོན་རྟགས་སུ་གྱུར་ཡོད། ཐིག་དམར་ཀུའི་ནེ་ཡས་ཀྲུང་གོར་སྒོ་མོ་རྒྱ་ཆེར་འབྱེད་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའི་ནེ་ཡར་མ་འཇོག་དང་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་ཏེ་ཐིག་དམར་ཀུའི་ནེ་ཡའི་དཔལ་འབྱོར་སྣ་མང་ཅན་དང་བཟོ་ལས་ཅན་དུ་མངོན་འགྱུར་ཡོང་བར་རམ་འདེགས་བྱས་ཏེ་རྒྱལ་ཁབ་མུ་མཐུད་འཕེལ་རྒྱས་སྐྱོན་བྲལ་ཡོང་བར་བྱེད་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཀྱིས་མིའི་རིགས་ཀྱི་ཞི་བདེ་དང་ཡར་རྒྱས་ལ་སྐུལ་མ་བཏང་ནས་སྔར་བས་ཕུན་སུམ་ཚོགས་པའི་འཛམ་གླིང་བསྐྲུན་རྒྱུར་ཕན་པ་ཡོད། ཐིག་དམར་ཀུའི་ནེ་ཡས་ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ལམ་ནས་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་པར་གདེང་འཇོག་ཆེན་པོ་བྱས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་དང་འབོ་གསེར་རྒྱལ་ཁབ་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་ཉིད་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་འདོད་ཡོད། ཐིག་དམར་ཀུའི་ནེ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡོད་དེ། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཀྲུང་གོའི་ཁྲིམས་མཐུན་གྱི་སྲིད་གཞུང་འབའ་ཞིག་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱས་ནས། རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བར་གཞོལ་བའི་ཀྲུང་གོ་སྲིད་གཞུང་གི་འབད་བརྩོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མ་འཇོག་དང་། དཔལ་འབྱོར་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་སོགས་ཁྱབ་ཁོངས་སྐོར་གྱི་ཕྱོགས་མང་མཉམ་ལས་ཀྱི་ཡིག་ཆ་མང་པོར་ཐུན་མོང་ཐོག་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།

ཕྱོགས་གཉིས་ཀྱིས《ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐིག་དམར་ཀུའི་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཨའོ་པི་ཨང་དང་སྐུ་ཟླ་ཁང་སི་ཐན་ཤིས་ཡཱ་རྣམ་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

ཨའོ་པི་ཨང་དེ་གར་འབྱོར་སྐབས་གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་དཔུང་གི་རོལ་ཆ་ཚོགས་པས་ཀྲུང་ཐིག་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཨའོ་པི་ཨང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་ཀྱི་རྣམ་འབྱེད་རུ་སྟར་ལའང་གཟིགས་པ་རེད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨའོ་པི་ཨང་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

ཝང་དབྱི་གོང་གི་བྱེད་སྒོར་ཞུགས་ཡོད་པ་རེད།

(ཉི་དོན་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)