《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

ཞི་ཅིན་ཕིང་ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ།

ཕྱི་འབྲེལ་པུས་ཀྲུང་གོ་དང་ཕྱི་རྒྱལ་སྨྱན་སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་27ཉིན། ཕྱི་འབྲེལ་པུས་ཞི་ཅིན་ཕིང་ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པའི་སྐོར་ལ་ཀྲུང་གོ་དང་ཕྱི་རྒྱལ་སྨྱན་སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཏེང་ལི་ཡིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་དྲི་བར་ལན་ཡང་བསྐྱོན་པ་རེད།

ཏེང་ལི་ཡིས་གསུངས་དོན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། ཀྲུང་ཨའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་ཀྱི་ཐད་གཙོ་གནད་ཐོག་གྲོས་བསྡུར་གཏིང་ཟབ་དང་ཞིབ་ཕྲའི་བྱེད་ཐབས་ལ་ཞིབ་འཇུག་གནང་རྒྱུ་རེད། ཚོགས་འདུའི་ཐོག་གྲུབ་འབྲས་ཡིག་ཆ་མང་པོ་ཞིག་ལ་གྲོས་འཆམ་བྱས་ཏེ་ཀྲུང་ཨའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་དུས་མཚམས་རྗེས་མའི་མཉམ་ལས་འཆར་འགོད་བྱ་རྒྱུ་མ་ཟད། ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་ཨའི་ཐུན་མོང་གི་བསམ་ཚུལ་ཡང་བརྗོད་རྩིས་ཡོད། ཟླ་5ཚེས་30ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མཁན་པ་རེན་གྱི་རྒྱལ་པོ་ཧ་མ་ཏེ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་བཅས་ཨ་རབ་རྒྱལ་ཁབ་ཀྱི་གཙོ་བདག་བཞི་དང་ལྷན་དུ་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་རྒྱུ་རེད། དེ་ཐོག་ནས་ཀྲུང་ཨ་ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་ཀྲུང་ཨའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བའི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་ཡོད།

ཏེང་ལི་ཡིས་གསུངས་དོན། ཀྲུང་ཨའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ཉི་ཤུ་སོང་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཕྱོགས་གཉིས་པོའི་འགོ་ཁྲིད་པའི་ཐུགས་ཁུར་གཟབ་བཞེས་འོག་ཕྱོགས་མང་པོའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མང་པོའི་དབར་གྱི་འབྲེལ་བ“རོགས་ཟླའི་འབྲེལ་བ”ནས“འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བར”འཕེལ་རྒྱས་ཕྱིན་པ་དང་དེ་ནས“འཐབ་ཇུས་རོགས་ཟླའི་འབྲེལ་བར”མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་ཀྱི་པུའུ་ཀྲང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཐེངས་གཉིས་ཞུགས་པ་དང་ཨ་རབ་ལ་ཕྱོགས་ནས་སྲིད་ཇུས་གལ་ཆེན་ཁྱབ་བསྒྲགས་ཐེངས་བཞི་གནང་སྟེ། ཀྲུང་ཨའི་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་པར་འཐབ་ཇུས་ཀྱི་འཆར་འགོད་གནང་ཡོད། 2022ལོར་འཚོགས་པའི་ཀྲུང་ཨའི་དབུ་ཚོགས་སྐབས་དང་པོའི་ཐོག་ཀྲུང་ཨ་ཕྱོགས་གཉིས་པོས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་བཙུགས་ནས་ཀྲུང་ཨའི་འབྲེལ་བ་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་དུས་རབས་གསར་པར་སླེབས་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་ཏེ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ནས“ཕན་ཚུན་ལྟ་སྐྱོང་དང་། འདྲ་མཉམ་གཉིས་ཕན། བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པ”བཅས་ཀྱི་ཀྲུང་ཨའི་མཛའ་གྲོགས་སྙིང་སྟོབས་བཏོན་གནང་བ་མ་ཟད། ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐབས་ལམ་དང་ཁ་ཕྱོགས་ཀྱང་འཆར་འགོད་གནང་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་བྱས་པ་ལས་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་པ་ངོ་མ་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བཅས་བྱུང་ཡོད།

ཏེང་ལི་ཡིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པས། མི་རིགས་དར་རྒྱས་མངོན་འགྱུར་ཡོང་བ་དང་རྒྱལ་ཁབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་ལོ་རྒྱུས་ལས་འགན་ཕྲག་ཏུ་ཁུར་ཡོད། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་དེས་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་ཡང་ཆེ་རུ་འགྲོ་རྒྱུ་རེད། ཀྲུང་གོས་མུ་མཐུད་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དམིགས་ཡུལ་དུ་བྱས་ཏེ། ཀྲུང་ཨའི་མཛའ་གྲོགས་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རིང་མཉམ་དུ་འོད་སྟོང་འཕྲོ་བའི་གཟི་བརྗིད་གཏོད་པ། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་དང་རང་ཚུགས་རང་དར་གྱི་ཐུན་མོང་མཉམ་ལས་ཀྱི་དཔེ་མཚོན་ཞིག་གཏོད་ཀྱི་ཡིན།

ཏེང་ལི་ཡིས་ད་དུང་ཀྲུང་ཨའི་འབྲེལ་བ་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་སོགས་ཀྱི་དྲི་བར་ལན་བསྐྱོན་པ་རེད།

(སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)