གནམ་གཤིས་འགྱུར་ལྡོག་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཞིག་ཡིན་པས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་མངོན་འགྱུར་ཡོང་བར་སྤུས་ལེགས་ཐོན་ནུས་ཀྱི་འདེགས་སྐྱོར་དེ་བས་མང་བ་མཁོ་གི་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་ནུས་གསར་ཐོན་ནུས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་མི་ཐུབ་པ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ལ་ནུས་གསར་ཐོན་རྫས་ཀྱི་དགོས་མཁོ་ཆེན་པོ་ཡོད། ཀྲུང་གོའི་ནུས་གསར་ཐོན་ལས་ལ“ཐོན་ནུས་ཆེ་དྲགས་པའི”ཞྭ་མོ་གཡོགས་པ་དེར་གནས་ལུགས་རྒྱུ་མཚན་གང་ཡང་མེད་ལ། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་དང་ཀྲུང་གོའི་གློག་སྒུལ་རླངས་འཁོར་སོགས་ནུས་གསར་ཐོན་རྫས་ཕྱིར་གཏོང་བཀག་འགོག་བྱས་ཚེ་གོ་ལ་ཧྲིལ་པོའི་ཕྱོགས་མང་ཚོང་དོན་ལ་གནོད་འཚེ་ཕོག་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་འཕེལ་རིམ་ལ་འགོག་རྐྱེན་ཡང་བཟོ་སྲིད་ཅེས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ངོས་འཛིན་དེ་ལྟར་བྱས་ཡོད།
“ནུས་གསར་ཐོན་ལས་ལ་དགོས་མཁོ་ཆེ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད”
ཨ་རིའི་པི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཉི་ཀུའུ་ལཱ་སི·ལཱ་ཏིས“ཐོན་ནུས་ཆེ་དྲགས་པ་སྨྲ་བ”དེས་སྲུང་སྐྱོང་རིང་ལུགས་ལ་ཁ་གཡར་ས་མཁོ་འདོན་བྱས་ཡོད། བཤད་ཚུལ་དེ་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་ངོས་ནས་བརྗོད་ན། ཉེན་ཁ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
ཨ་རིའི《ཕྱི་འབྲེལ་སྲིད་ཇུས》དུས་དེབ་ཐོག་བཀོད་པའི་རྩོམ་ཡིག་ནང་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ནུས་གསར་ཐད“ཐོན་ནུས་ཆེ་དྲགས་པའི”སྐྱོན་འཛུགས་བྱས་པར་མི་རྣམས་ཀྱི་ཡིད་ཆེས་ཐོབ་མི་སྲིད་ཅེས་བརྗོད་ཡོད། དཔྱ་ཁྲལ་ཆག་ཡང་དང་དངུལ་བུན་ཁག་ཐེག་གི་བྱེད་ཐབས་ཐོག་ནས་ཨ་རི་སྲིད་གཞུང་གིས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ལ་མ་དངུལ་འབོར་ཆེན་བཏང་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ནུས་གསར་འཕེལ་རྒྱས་ཀྱི་སྲིད་ཇུས་ནི་གཡོ་ཟོལ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་ཡོད།
“ནུས་གསར་ཐོན་ལས་ལ་དགོས་མཁོ་ཆེ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ནུས་གསར་ཐོན་ལས་ཀྱི་འགྲན་ཤུགས་དང་ཁྲོམ་རའི་ཐོབ་སྐལ་མགྱོགས་མྱུར་འཕར་ཡོད། ཨ་རི་ཕྱོགས་ཀྱི་མི་ལ་ལས་ཀྲུང་གོའི་ནུས་གསར་ཐད‘ཐོན་ནུས་ཆེ་དྲགས་པའི’སྦིར་བསྒྲགས་བཟོ་བའི་དམིགས་ཡུལ་ནི་ཀྲུང་གོའི་ནུས་གསར་ཐོན་ལས་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ནས་རང་རྒྱལ་ཁབ་ཀྱི་ནུས་གསར་ཐོན་ལས་འཕེལ་རྒྱས་འགོར་བའི་འགན་འཁྲི་ཀྲུང་གོར་དཀྲི་བ་དེ་རེད” ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་རྒྱལ་ཁབ་ཕྱི་ཕྱོགས་སྒོ་དབྱེ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཚུའེ་ཧྥན་གྱིས་གོ་ལ་ཧྲིལ་པོར་གློག་སྒུལ་རླངས་འཁོར་སོགས་ནུས་གསར་ཐོན་རྫས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བ་དེ་ནི་འཕེལ་ཕྱོགས་ཤིག་ཡིན་པ་ལས། ནུས་གསར་ཐོན་རྫས་ཐོན་ནུས་ཆེ་དྲགས་མེད་ཅེས་བརྗོད།
“ཀྲུང་གོའི་སྤུས་ལེགས་ཐོན་ནུས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་ཕྱོགས་སྒྱུར་ལ་ཕན་ཐོགས་ཡོད”
རྒྱལ་སྤྱི་ནུས་རྒྱུ་ཧྲུའུ་ཡིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི《2024ལོའི་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གྱི་རྒྱང་ལྟའི》སྙན་ཞུའི་ནང་འབྱུང་འགྱུར་ལོ་10ཡི་རིང་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གྱི་དགོས་མཁོ་ཆེ་རུ་འགྲོ་བ་དང་2024ལོར་ཕྱིར་ཚོང་བྱེད་ཚད་སྔོན་དཔག་བྱས་ན་རླངས་འཁོར་ཁྲི་1700ཟིན་རྒྱུ་རེད་ཅེས་བཀོད་ཡོད། རྒྱལ་སྤྱི་ནུས་རྒྱུ་ཧྲུའུ་ཡི་ཧྲུའུ་ཀྲང་ཧྥ་ཐི་ཧོ·པི་ལོར་གྱིས“གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གསར་བརྗེའི་འཕེལ་ཕྱོགས་ཆུང་དུ་ཕྱིན་མེད་པར། དེ་ལས་ལྡོག་སྟེ་འཕར་བའི་དུས་མཚམས་གསར་པར་སླེབས་ཡོད”ཅེས་བརྗོད།
འཇར་མན་པའོ་མཱ་ཚོགས་པས་ཟླ་4ཚེས་26ཉིན་མི་དམངས་ཤོག་སྒོར་དུང་ཕྱུར་200བཏང་ནས་ཧྭ་ཁྲེན་པའོ་མཱ་ཏཱ་ཏུང་བཟོ་གྲྭའི་གཞི་ཁྱོན་ཆེ་བའི་རིམ་སྤོར་དང་ལག་རྩལ་གསར་གཏོད་ཐད་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ད་ཐེངས་ཀྱི་མ་དངུལ་དེ་ནི་ཧྭ་ཁྲེན་པའོ་མཱའི་སྒུལ་ཤུགས་གློག་རྫས་རབས་དྲུག་པའི་རྣམ་གྲངས་ལ་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་100བཏང་རྗེས་ཀྱི་མ་འཇོག་ཆེན་པོ་བྱེད་ཐེངས་གཞན་ཞིག་རེད། པའོ་མཱ་ཚོགས་པའི་ཏུང་ཧྲི་ཀྲང་ཆི་ཕུའུ་ཚི་ཡིས“ད་ཐེངས་ཀྱི་མ་འཇོག་འཆར་འགོད་ལས་ང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ་སླར་ཡང་མངོན་པ་མ་ཟད། ང་ཚོ་དང་མཉམ་ལས་རོགས་ཟླ་ཀྲུང་གོ་བའི་དབར་མུ་མཐུད་མཉམ་ལས་གཉིས་ཕན་གྱི་ཡིད་ཆེས་བརྟན་པོ་ཡོད་པའང་མཚོན་ཡོད”ཅེས་བརྗོད།
སོ་ཏིའི་ཨ་མའེ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཨ་མིན·ནཱ་སེར་གྱིས“ཀྲུང་གོའི་ནུས་གསར་ཐོན་ལས་འཕེལ་རྒྱས་ཕྱིན་ནས་ཉི་ནུས་གློག་རྫས་ལེབ་མོ་དང་གློག་སྒུལ་རླངས་འཁོར་གྱི་མ་གནས་ཆུང་དུ་ཕྱིན་ཡོད། ཀྲུང་གོའི་སྤུས་ལེགས་ཐོན་ནུས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་ཕྱོགས་སྒྱུར་ལ་ཕན་ཐོགས་ཡོད”ཅེས་བརྗོད།
“རྒྱུད་གཅིག་ལམ་གཅིག”ལྗང་མདོག་འཕེལ་རྒྱས་རྒྱལ་སྤྱི་མནའ་འབྲེལ་གྱི་ལས་འཛིན་དཔོན་གཞོན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་ཨའེ་ལི་ཁེ·སོར་ཧའེ་མུའུ་ཡིས་ཀྲུང་གོས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་གསར་གཏོད་ཀྱི་སྒུལ་ཤུགས་ཀྱང་བསྣན་ཡོད་པའི་ངོས་འཛིན་བྱས་ཡོད།
ཧིན་རྡུ་ཉི་ཞི་ཡའི་ཇུས་འདོན་ཚོགས་པ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནན་དབྱང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་པང·སུར་གཡོད་ནུའོ་ཡིས་ཀྲུང་གོའི་ནུས་གསར་ལས་རིགས་འཕེལ་རྒྱས་ཕྱིན་པ་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྲིད་གཞུང་གི་རྒྱང་ལྟའི་རང་བཞིན་གྱི་སྲིད་ཇུས་དང་གསར་དར་ཐོན་ལས་འཕེལ་རྒྱས་ལ་ཡུན་རིང་རྒྱབ་སྐྱོར་བྱེད་པའི་དོན་སྙིང་གལ་ཆེན་ཤེས་རྟོགས་ཐུབ་ཡོད་ཅེས་བརྗོད།
“དཔལ་འབྱོར་ཐད་ཀྱི་སྲུང་སྐྱོང་རིང་ལུགས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ནར་འགྱངས་བྱེད་སྲིད”
ཁེན་ནི་ཡའི་ཨ་ཧྥེ་རི་ཁའི་སྲིད་ཇུས་ཞིབ་འཇུག་སུའོ་ཀྲུང་གོ-ཨ་ཧྥེ་རི་ཁའི་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཏན་ཉི་སི·མུའུ་ནེ་ནེས་འདི་ག་ཚགས་པར་གྱི་གསར་འགོད་པར། ཀྲུང་གོའི་ནུས་གསར་གྱི“ཐོན་ནུས་ཆེ་དྲགས་པ”ཟེར་བའི་ཤོད་ཚུལ་དང་དེ་བཞིན་སྲུང་སྐྱོང་རིང་ལུགས་ཀྱི་འབྲེལ་ཡོད་བྱེད་ཐབས་དེ་གོ་ལ་ཧྲིལ་པོའི་ནུས་གསར་ཐོན་ལས་འཕེལ་རྒྱས་འགྲོ་བར་ཕན་ཐོགས་མེད་ལ། ནུས་གསར་ཐོན་རྫས་ཀྱི་རིན་གོང་མཐོ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་འདྲ་མཉམ་མེད་པའི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་སྲིད་ཅེས་བརྗོད།
“ཨ་རི་ཕྱོགས་ཀྱི་མི་ལ་ལས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་བྱས་ཏེ་ཀྲུང་གོའི་ནུས་གསར་གྱི‘ཐོན་ནུས་ཆེ་དྲགས’འདུག་ཅེས་སྐྱོན་འཛུགས་བྱས་ཡོད། འདི་ནི་རང་རྒྱལ་ཁབ་ཀྱི་ཆེད་དུ་ཚོང་དོན་སྲུང་སྐྱོང་རིང་ལུགས་ཐད་སྤྱད་པའི་ཁ་གཡར་ས་འཚོལ་བ་ཞིག་རེད” ནི་ཀྲེ་རི་ཡའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨོ་སོ་ཁའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་ཨ་རིས་རང་རྒྱལ་ཁབ་ཀྱི་ནུས་གསར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞོར་རྒྱལ་ཁབ་གཞན་ལ“ཐོན་ནུས་ཆེ་དྲགས་པའི”སྐྱོན་འཛུགས་བྱས་ཡོད། “འདི་ནི་དཔེ་མཚོན་གྱི་ཚད་གཞི་ཉིས་བརྩེགས་ཤིག་ཡིན་པས་གོ་ལ་ཧྲིལ་པོའི་ནུས་གསར་ཐོན་ལས་འཕེལ་རྒྱས་འགྲོ་བར་ཕན་ཐོགས་མེད”ཅེས་བརྗོད།
ཨུ་ཟ་བྷེ་ཁི་སི་ཐན་གྱི་དཔལ་འབྱོར་རིག་པ་མཁས་ཅན་ལི་མཱ་ནུའོ་ཕུའུ·ཨའོ་ལེ་ཀེས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་བྱས་ཏེ“ཐོན་ནུས་ཆེ་དྲགས་པར”ཁ་གཡར་ནས་ཀྲུང་གོའི་ནུས་གསར་ཐོན་ལས་འཕེལ་རྒྱས་ལ་བཙན་གནོན་བྱས་ཚེ། གོ་ལ་ཧྲིལ་པོའི་ནུས་རྒྱུ་དང་། ཚོང་དོན། དཔལ་འབྱོར་མ་ལག་བཅས་རྒྱུན་གཏན་འཁོར་སྐྱོད་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐོན་རྒྱུ་རེད་ཅེས་བརྗོད།
“གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ནུས་གསར་ཐོན་ལས་ཐོན་ནུས་ཀྱིས་འཕེལ་རྒྱས་དགོས་མཁོ་སྐོང་ཐུབ་ཀྱི་མེད” ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཏ་ཝུའེ་ཡིས་ཀྲུང་གོའི་ནུས་གསར་ཐོན་ལས་ལ“ཐོན་ནུས་ཆེ་དྲགས་པའི”ཞྭ་མོ་གཡོགས་པ་དང་དེ་ཁ་གཡར་ས་བྱས་ཏེ་སྒོ་ཁྲལ་སོགས་ཀྱི་བྱ་ཐབས་སྤྱད་དེ་བཀག་འགོག་དང་བཙན་གནོན་བྱས་ན་གནོད་འཚེ་མང་པོ་ཐོན་སྲིད་དེ། གཅིག སྤུས་ལེགས་ལྗང་མདོག་ཐོན་རྫས་སྤྱོད་རྒྱུར་ཤུགས་རྐྱེན་ཚབས་ཆེན་ཐེབས་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པར་ཕན་ཐོགས་མེད་པ་དང་། གཉིས། སྤུས་ལེགས་ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་རྒྱལ་སྒྲོལ་རང་མོས་འཁོར་རྒྱུག་ལ་འགོག་རྐྱེན་ཚབས་ཆེན་བཟོས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་འགོག་རྐྱེན་བཟོ་སྲིད། གསུམ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ནས་རྒྱལ་ཁབ་ཁག་གི་ཐོན་ལས་བདེ་འཇགས་ལ་འཇིགས་སྐུལ་བཟོ་སྲིད་ཅེས་བརྗོད།
(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)