འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་འཕྲུལ་ཆས་ཅན་སྤྱི་ཁྱབ་ས་ཚིགས་ཀྱིས་སི་ཁྲོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་དང་མཉམ་འབྲེལ་བྱས་ཏེ། སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་ཅིན་དབྱང་ཆུས་སུ་རྒྱལ་ཡོངས་ཀྱི་སྣུམ་རྒྱུའི་སྐྱེ་དངོས་ཀྱི་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ལག་རྩལ་སྒྲིག་ཆས་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
གསོ་སྦྱོང་བྱེད་སྒོར་འཕྲུལ་ཆས་དང་ཡོ་བྱད་ཀྱི་ལས་སྒྲུབ་ངོམ་སྟོན་དང་ཡོན་ཧྲི་རིགས་གཅིག་མཁས་ཅན་གྱི་ཆེད་དོན་སྙན་ཞུ་ཟུང་འབྲེལ་བྱེད་པའི་ཐོག་ནས་པད་ཁ་དང་། འདྲེས་སྦྱོར་འདེབས་འཛུགས་སྲན་ཆེན། བ་དམ་སོགས་སྣུམ་རྒྱུའི་སྐྱེ་དངོས་འབོར་ཆེན་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ཐག་གཅོད་བྱེད་པའི་ཇུས་གཞི་ཁྱོན་ཡོངས་ནས་ངོམ་སྟོན་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཁེ་ལས་30ཡི་འཕྲུལ་ཆས་དང་སྒྲིག་ཆས་ཆ་ཚང་80ལྷག་ཙམ་གྱིས་རྨོ་བ་དང་། འདེབས་པ། བསྡུ་བ་བཅས་ཀྱི་ལས་སྒྲུབ་གཅིག་སྡུད་ཐོག་ངོམ་སྟོན་བྱས་པ་རེད། སྣུམ་རྒྱུའི་སྐྱེ་དངོས་འབོར་ཆེན་ཐོན་སྐྱེད་ཞིང་ཆེན་གྱི་ཞིང་ལས་འཕྲུལ་ཆས་གསལ་འབྱེད་ཁྱབ་གདལ་སྒྲིག་གཞིའི་ལག་རྩལ་མི་སྣ་དང་། ཞིང་ལས་འཕྲུལ་ཆས་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི། མཐའ་འཁོར་ཞིང་དུད་སོགས་མི་300ཙམ་ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་ཆེད་དོན་གསོ་སྦྱོང་ནང་ཞུགས་ཡོད།