འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བཟོ་འཕྲིན་པུས《ཞབས་ཞུ་རྣམ་པའི་བཟོ་སྐྲུན་ཚད་ལྡན་མ་ལག་འཛུགས་སྐྱོང་གི་ཕྱོགས་སྟོན》བཀྲམ་ནས། 2025ལོར་སླེབས་སྐབས་ཞབས་ཞུ་རྣམ་པའི་བཟོ་སྐྲུན་གསར་གཏོད་དང་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པའི་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་རིམ་རྩིས་བརྒྱབ་ན་ཞབས་ཞུ་རྣམ་པའི་བཟོ་སྐྲུན་ཚད་གཞི་ཁག་20ཡན་བཟོ་བཅོས་བརྒྱབ་སྟེ། རྨང་གཞིའི་སྤྱི་སྤྱོད་དང་། ལྟེ་བའི་རྒྱུ་རྐྱེན་གཙོ་བོ། ལས་སྒོའི་རིགས། དེ་བཞིན་མཉམ་འདྲེས་ལས་རྣམ་ཉེར་སྤྱོད་ཀྱི་འབྲེལ་ཡོད་ཚད་གཞི་བཅས་ལ་གཞི་རྩའི་ཆ་ནས་ཁྱབ་པ་དང་། ཅུང་འཐུས་སྒོ་ཚང་བའི་ཞབས་ཞུ་རྣམ་པའི་བཟོ་སྐྲུན་ཚད་གཞིའི་མ་ལག་རིམ་བཞིན་འཛུགས་པ། ཞབས་ཞུ་རྣམ་པའི་བཟོ་སྐྲུན་ཚད་གཞིའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུ་རྣམ་པའི་བཟོ་སྐྲུན་སྐྱོན་བྲལ་དང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་བའི་དགོས་མཁོ་སྐོང་བ། ཞབས་ཞུ་རྣམ་པའི་བཟོ་སྐྲུན་གྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ལུགས་བསྟན་ཡོད།
ཞབས་ཞུ་རྣམ་པའི་བཟོ་སྐྲུན་ནི་བཟོ་སྐྲུན་དང་ཞབས་ཞུ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་གསར་པ་ཞིག་ཡིན་ལ། བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཀྱང་རེད། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་ཐོན་སྐྱེད་སྒྲིག་འཛུགས་བྱེད་སྟངས་དང་། གཉེར་སྐྱོང་དོ་དམ་བྱེད་སྟངས། ཚོང་ལས་འཕེལ་རྒྱས་གཏོང་སྟངས་བཅས་གསར་གཏོད་དང་ལེགས་སུ་གཏོང་བ་བརྒྱུད། མ་འཇོག་དང་ཐོན་འབབ་ཁྲོད་ཞབས་ཞུའི་རྒྱུ་རྐྱེན་གཙོ་བོའི་བསྡུར་ཚད་རྒྱུན་མཐུད་མང་དུ་བཏང་སྟེ། ལས་སྣོན་སྒྲིག་སྦྱོར་གཙོ་བོར་བྱེད་པ་ནས“བཟོ་སྐྲུན་དང་ཞབས་ཞུ་ཟུང་དུ་འབྲེལ་བའི”ཕྱོགས་སུ་བསྒྱུར་བ་དང་། ཐོན་རྫས་ཁོ་ན་ཕྱིར་འཚོང་བྱེད་པ་ནས“ཐོན་རྫས་དང་ཞབས་ཞུ་ཟུང་དུ་འབྲེལ་བའི”ཕྱིར་འཚོང་བྱེད་སྟངས་ལ་བསྒྱུར་བས། རིན་ཐང་ཕྲེང་འབྲེལ་སྣུར་སྲིང་དང་རིམ་སྤོར་ཡོང་བར་ཕན་ཐོགས་ཡོད་ལ། གཙོ་རྒྱུ་ཀུན་འདུས་ཐོན་སྐྱེད་བྱེད་ཚད་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་། ཁྲོམ་ར་བཟུང་ཚད་བཅས་མཐོ་རུ་གཏོང་ཐུབ་ཀྱི་ཡོད།
ཕྱོགས་སྟོན་ནང་། ལས་རིགས་མཐུན་ཚོགས་དང་། ཞིབ་འཇུག་སྒྲིག་གཞི། ཐོན་ལས་མནའ་འབྲེལ། བཟོ་སྐྲུན་ལས་རིགས་ཁེ་ལས་སོགས་ཕྱོགས་མང་པོའི་ཐོན་ཁུངས་ཚད་གཞི་ཞིབ་བཟོའི་ནང་ཞུགས་པར་སྐུལ་མ་བཏང་ནས། ཚད་གཞི་བེད་སྤྱོད་ལག་བསྟར་དང་མཐུན་སྦྱོར་ཆ་ཚང་གི་ཚད་གཞིའི་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་རྣམ་པའི་བཟོ་སྐྲུན་ལས་རིགས་ལས་བརྒལ་བ་དང་ཁྱབ་ཁོངས་མང་བའི་ཁྱད་ཆོས་ལ་དམིགས་ནས། ལས་རིགས་མང་བ་དང་ཁྱབ་ཁོངས་མང་པོར་ཁྱབ་པའི་འགག་རྩའི་རྣམ་པ་དང་འགག་རྩའི་བྱེད་སྟངས་ཀྱི་ལག་རྩལ་ཚད་གཞི་དང་ལས་རིགས་ཀྱི་བཀོལ་སྤྱོད་ཚད་གཞིར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ། ཞབས་ཞུ་རྣམ་པའི་བཟོ་སྐྲུན་འཕེལ་རྒྱས་ཀྱི་ད་ལྟའི་རྣམ་པ་དང་འཕེལ་ཕྱོགས་དང་ཟུང་འབྲེལ་བྱས་ནས། སྔོན་ཐོན་དང་འཚམ་པའི་ཚན་རྩལ་གྲུབ་འབྲས་ཚད་གཞིར་བསྒྱུར་བའི་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་། མ་ལག་གི་སྒྲོམ་གཞི་སྟབས་བསྟུན་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་སྟེ་འཚམ་མཐུན་རང་བཞིན་དང་། ཚན་རིག་རང་བཞིན། སྔོན་ཐོན་རང་བཞིན་བཅས་ལྡན་པའི་ཞབས་ཞུ་རྣམ་པའི་བཟོ་སྐྲུན་ཚད་གཞིའི་མ་ལག་རིམ་བཞིན་ཆགས་པར་བྱེད་པ། ཞབས་ཞུ་རྣམ་པའི་བཟོ་སྐྲུན་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་སྤེལ་རེས་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་བཟོ་སྐྲུན་དང་ཞབས་ཞུ“ཕྱིར་སྐྱོད་པར”སྐུལ་ཁྲིད་བྱེད་དགོས་ལུགས་བཏོན་ཡོད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)