འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཧྲུའོ།
ཀྲུའུ་ཞི་ཞི་ཅིན་ཕིང་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་ཉེར་ཡོད་པའི་སྐབས་སུ། ཧང་ག་རི་རྒྱལ་ཁབ་དངུལ་ཁང(ཀྲུང་དབྱང་དངུལ་ཁང)གི་ཧང་ཀྲང་མའོ་ཐུར་ཆི·ཅེར་ཅིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཧང་ག་རི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པའི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་ཕན་པ་རྒྱུན་ཆད་མེད་པར་ཐོབ་ཡོད་ཅེས་བརྗོད་པ་རེད།
མའོ་ཐུར་ཆིས། ཧང་ག་རི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་འགྲོ་འོང་དང་། ཕན་ཚུན་བསམ་ཤེས། གཉིས་ཕན་མཉམ་ལས་བཅས་ཀྱི་རྨང་གཞི་བརྟན་པོ་ཡོད། “ཉེ་བའི་ལོ་ཤས་རིང་། ཧང་ག་རི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་ལས་ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ནི་ཧང་ག་རིའི་ཡོ་རོབ་མནའ་འབྲེལ་ཕུད་པའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་། ཧང་ག་རི་ལོ་མང་བསྟུད་མར་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེ་གྲས་དང་པོ་དེར་བརྟན་པོར་གནས་ཤིང་། ཀྲུང་གོའི་ཁེ་ལས་མང་པོ་ཞིག་གིས་ཧང་ག་རིར་མ་འཇོག་བཟོ་གྲྭ་བཙུགས་པ་དང་འབྲེལ། ཡོ་རོབ་ཀྱི་རྒྱལ་ཁབ་དང་ས་ཁུལ་གཞན་དག་ཏུ་ཁྱབ་འགྱེད་བྱས་ཡོད”ཅེས་བརྗོད།
ཧང་ག་རི་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྲིད་གཞུང་དབར་གྱི་མཉམ་ལས་གྲོས་འགོར་མིང་རྟགས་འགོད་མཁན་གྱི་ཡོ་རོབ་ཀྱི་རྒྱལ་ཁབ་སྔ་ཤོས་ཤིག་རེད། ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་དེ་ཧང་ག་རིའི“ཤར་ཕྱོགས་སྒོ་དབྱེའི”འཐབ་ཇུས་དང་འབྲེལ་མཐུད་ཐུབ་པས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱེད་པ་དེས་ཧང་ཀྲུང་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཕུལ་བས་ཧང་ག་རི་སོགས་ཡོ་རོབ་རྒྱལ་ཁབ་ལ་དེའི་ཁྲོད་ནས་ཕན་པ་མི་ཉུང་བ་ཐོབ་ཡོད” མའོ་ཐུར་ཆིས། དེང་སྐབས་འཛམ་གླིང་ཐོག་ཕྱོགས་མང་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་དེ་ས་ཁམས་ཀྱི་མཐའ་མཚམས་ལས་བརྒལ་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་། མཉམ་སྦྲེལ་མཉམ་མཐུད། གཉིས་ཁེ་གཉིས་ཕན་བཅས་ལ་སྟེགས་བུ་མཁོ་འདོན་བྱས་ནས། རྨང་གཞིའི་སྒྲིག་བཀོད་དང་། ཚན་རིག་ལག་རྩལ། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་མང་པོའི་ནང་མཉམ་སྐྲུན་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
མའོ་ཐུར་ཆིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་འོག་གི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པའི་ཧང་ག་རི་ནས་སེར་པི་ཡའི་བར་གྱི་ལྕགས་ལམ་ནི་ཡོ་རོབ་དབུས་མའི་སྐམ་མཚོའི་མྱུར་བགྲོད་ལམ་ཐིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཡོ་རོབ་དབུས་ཤར་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ལམ་ཐིག་ཧྲིལ་པོ་བསྐྲུན་ནས་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཧང་ག་རི་དང་སེར་པི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སའི་དབར་འགྲོ་སྐྱོད་དུས་ཚོད་ཆུ་ཚོད་8ནས་ཆུ་ཚོད་3བར་ཐུང་དུ་ཕྱིན་ཏེ་དམངས་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་ཧང་ག་རི་སོགས་ཡོ་རོབ་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དེའི་རིན་ཐང་དང་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་མ་འཇོག་དངུལ་ཁང་མང་པོ་ཞིག་གིས་ཧང་ག་རིར་ཡན་ལག་དང་ཉིང་ལག་སྒྲིག་གཞི་བཙུགས་ནས་ཧང་ག་རིའི་ཁེ་ལས་ཀྲུང་གོའི་ཁྲོམ་རར་ཞུགས་པར་དངུལ་རྩའི་ཞབས་འདེགས་ཞུས་པ་དང་། ཧང་ག་རིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་རང་རྒྱལ་གྱི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་ཐེངས་མང་བཞག་པ། ཧང་ག་རི་ནི་མི་དམངས་ཤོག་སྒོར་ཞིབ་རྩིས་དངུལ་ཁང་བཙུགས་མཁན་གྱི་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་ལ། མི་དམངས་ཤོག་སྒོར་གྱི་བུན་འཛིན་འགྲེམས་སྤེལ་བྱེད་མཁན་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཐོག་མ་དེའང་ཡིན། ཉེ་བའི་ལོ་ཤས་རིང་། ཧང་ག་རི་དང་ཀྲུང་གོའི་དངུལ་རྩའི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་དཔང་པོ་ཡིན་པའི་མའོ་ཐུར་ཆིས་དེའི་ཐད་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་སྒྲོམ་གཞིའི་འོག་གི་མཉམ་ལས་དེས་ཧང་ག་རིའི་དངུལ་རྩའི་མ་ལག་གསར་བཅོས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གོ་སྐབས་དང་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད། གཡུར་དུ་ཟ་བའི་མཉམ་ལས་གྲུབ་འབྲས་ནི་ཧང་ག་རི་དང་ཀྲུང་གོའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད”ཅེས་བརྗོད།
མའོ་ཐུར་ཆིས། ཧང་ག་རི་དང་ཀྲུང་གོས་འབྱུང་འགྱུར་མི་སྣ་འགྲོ་འོང་དང་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། “མིག་སྔར་ཧང་ག་རི་དང་ཀྲུང་གོའི་དབར་མཁའ་ལམ་ཐད་གཏོང་ལམ་ཐིག་མང་པོ་ཤར་གཏོང་ཐུབ་པ་དང་རྒྱལ་ཁབ་གཉིས་པོའི་ཐོངས་མཆན་སྟབས་བདེ་ཅན་གྱི་སྲིད་ཇུས་རྒྱུན་ཆད་མེད་པར་ལག་བསྟར་བྱས་པས། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྐུལ་འདེད་ཐེབས་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར་སོགས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་ཆེད་ཐབས་ལམ་རྒྱ་ཆེར་བཏང་ཡོད”ཅེས་བརྗོད།
(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)