《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月27日

གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་སྐབས་བདུན་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ཧྥུའུ་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་སྐབས་བདུན་པ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། སྐབས་འདིའི་དབུ་ཚོགས་རིང“གྲངས་གཞིའི་གཙོ་རྒྱུའི་རིན་ཐང་འདོན་སྤེལ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཤིང་། ཚོགས་ཡུན་ཉིན་གཉིས་ཡིན་པ་རེད།

སྤྱི་ཡོངས་ཀྱི་ཇུས་གཞི་འཆར་འགོད་ཐད། སྐབས་འདིའི་དབུ་ཚོགས་ཀྱིས་གྲངས་གཞི་དེ་ཐོན་སྐྱེད་གཙོ་རྒྱུ་གསར་པར་བརྩིས་ནས་གྲངས་གཞིའི་རྒྱུ་ཆའི་ཆེར་གཏོང་དང་། རྩེག་སྣོན། ལྡབ་འཕར་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་གཙོར་བཟུང་ཞིང་། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་དང་གྲངས་གཞིའི་ཐོན་ཁུངས་མ་ལག་གི་རྨང་གཞི་ཆེན་པོ་གཉིས་སྲ་བརྟན་དུ་བཏང་སྟེ་ཆུ་ཚད་མཐོ་བའི་གྲངས་འཛིན་ཅན་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་པ་དང་། རབས་གསར་པའི་གྲངས་འཛིན་ལག་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ་བཅས་རེད།

ཉིན་དེར་ཁྱབ་བསྒྲགས་བྱས་པའི《གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་སྙན་ཞུའི(2023ལོ)》ནང་མངོན་པར། 2023ལོར་གྲངས་འཛིན་ཀྲུང་གོར་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པ་སྟེ། 2023ལོར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་གིས་GDPཁྲོད་བཟུང་བའི་བསྡུར་ཚད་10%ཟིན་ཡོད། གྲངས་གཞིའི་གཙོ་རྒྱུའི་ཁྲོམ་ར་ཉིན་བཞིན་གྲ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་2023ལོར་གྲངས་གཞིའི་ཐོན་སྐྱེད་སྤྱི་འབོར་32.85ZB(ZBགཅིག་ཧ་ལམ་ཡིག་ཁྱིམ་དུང་ཕྱུར་དུང་ཕྱུར་ཁྲི་10དང་མཚུངས་པ)ཟིན་པ་དེ་དུས་མཚུངས་ལས་22.44%འཕར་ཡོད་པ་རེད།

སྐབས་འདིའི་དབུ་ཚོགས་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་གྲངས་གཞི་ཅུས། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་། ཚན་རྩལ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)