འདི་ནི་ཟླ་5ཚེས་25ཉིན་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8157ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་བབས་ཚུགས་ནས་ཐོན་བཞིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་25ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8157ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་བབས་ཚུགས་ནས་ཐོན་པ་དང་བསྟུན་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྱོན་ཁྲི་9བཏང་བ་དང་དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་870ལྷག་ཙམ་དབོར་བར་ཟོག་ཐང་དངུལ་འབོར་ཨ་སྒོར་དུང་ཕྱུར་3800ལས་བརྒལ་བ་དང་བདེ་འཇགས་བརྟན་ལྷིང་ངང་ཤར་གཏོང་རྒྱུན་འཁྱོངས་ཐུབ་ཡོད།
མེ་འཁོར་གཏོང་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཞིང་། 2016ལོ་ནས་2023ལོ་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་ལོར་གཏོང་ཚད་1702ནས་ཁྲི་1.7ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ལོར་དངོས་ཟོག་སྐྱེལ་འདྲེན་བྱས་པའི་ཟོག་ཐང་དངུལ་འབོར་2016ལོའི་ཨ་སྒོར་དུང་ཕྱུར་80ནས་2023ལོའི་ཨ་སྒོར་དུང་ཕྱུར་567བར་མང་དུ་ཕྱིན་པ་དང་དངོས་ཟོག་རིགས་ཆེ་གྲས་53དང་སྣ་ཁ་ཁྲི་5ལྷག་ཙམ་བར་རིམ་བཞིན་མང་དུ་ཕྱིན་ཡོད།
བགྲོད་ལམ་གྱི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ཞིང་། རྒྱལ་ནང་དུ་སྒྱུར་བཀོད་རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་ལག་ལེན་བསྟར་བ་དང་འགག་སྒོ་ཆེན་པོ་དྲུག་བརྒྱུད་དེ་རྒྱལ་མཚམས་སྒྲོལ་བའི་སྐྱེལ་འདྲེན་བགྲོད་ལམ་གཙོ་བོ་གསུམ་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་120ཟིན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་འཁོར་སྐྱོད་ལམ་ཐིག་ཁག་87ཟིན་པ་དང་རང་རྒྱལ་གྱི་མངའ་ཁོངས་ནང་གི་གྲོང་ཁྱེར་122དང་འབྲེལ་མཐུད་ཐུབ་ཡོད། མིག་སྔའི་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་ཡོ་རོབ་ཀྱི་རྒྱལ་ཁབ་25དང་གྲོང་ཁྱེར་223ལ་ཤར་གཏོང་ཐུབ་པ་དང་། འབྲེལ་མཐུད་ཐུབ་པའི་ཡོ་རོབ་ཀྱི་རྒྱལ་ཁབ་11དང་གྲོང་ཁྱེར་100ལྷག་ཙམ་ཟིན་པ། ཞབས་ཞུའི་དྲ་རྒྱ་ཨེ་ཤེ་ཡ་ཡོ་རོབ་ཀྱི་མངའ་ཁོངས་ཡོངས་ལ་གཞི་རྩའི་ཆ་ནས་ཁྱབ་ཡོད།
འཁོར་སྐྱོད་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་120ཟིན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཚན་སྡེབ་ཆེ་ཤོས་བསྒྲིགས་ནས་གཏོང་གྲངས་དང་སྣེ་འདྲེན་སྤུས་ཚད་མེ་འཁོར་55དང་ཏུན་3000བར་སོ་སོར་འཕར་བ་དང་། མེ་འཁོར་རྐྱང་པའི་ཆ་སྙོམས་སྐྱེལ་འདྲེན་བྱེད་ཚད་མེ་འཁོར་གཏོང་མ་ཐག་ལས་34%ཡན་མཐོ་རུ་ཕྱིན་པ་དང་རང་རྒྱལ་དང་ཡོ་རོབ་དབར་གྱི་ལྕགས་ལམ་སྐྱེལ་འདྲེན་དུས་ཚོད་མེ་འཁོར་གཏོང་མ་ཐག་ལས་ཉིན་5ཡན་ཐུང་དུ་ཕྱིན་ཡོད།